འགྲོ་ས་དེར་མ་ཐོན་གོང་དུ། རྒྱའི་རྒྱུགས་ཁྱི་དག་གི་ཁ་ནང་དུ་འགྲོ་བཞིན་ཡོད།
དེ་དང་གཅིག་མཚུངས་ཀྱིས་བོད་ནང་གི་གཞིས་ལུས་བོད་མི་དག་གིས་ད་ལྟའི་བར་དུ་རྒྱ་ནག་གི་ཁ་ལས་ལག་ལེན་མེད་པའི་གཏམ་སྙན་དེ་དག་ལོ་ངོ་བཅུ་ཕྲག་འགའ་ལ་གཤིབ་པའི་ཉམ་མྱོང་ལས་ཤེས་སྟབས། དགོན་པ་ཁག་དང་གཞིས་གྲོང་། སློབ་གྲྭ་དང་ཡུལ་སྡེ་ཁག་མི་ཉུང་བ་ཞིག་ནས་ས་གནས་ས་ཐོག་གི་མི་དངོས་སུ་ས་གནས་དེར་བསྐྱོད་པའི་གོ་སྐབས་ངེས་སུ་བྱུང་ཟིན་པ་རེ་ཟུང་ཞིག་ཡང་བྱུང་ཡོད་ཚོད་ཡིན་ན་ཡང་། རྗེས་སུ་རྒྱ་ནག་སྲིད་གཞུང་གིས་དེ་དག་གི་གནས་ཚུལ་དག་མཐོང་ནས་སེམས་གཏིང་ནས་ཚུགས་པ་ཟ་བ་དང་ཁོང་ཁྲོ་བླངས་ཀྱང་། ཁ་གཞན་ལ་གཡར་ནས་ད་ལྟའི་འཆར་བོད་མི་དང་ས་གནས་གཞན་གང་ནས་སླེབས་པའི་སུ་ཡིན་ཞིག་ལག་ཁྱེར་སོགས་མེད་པར་ས་ཡོམ་གོད་ཆག་ཡོད་སར་གཏོང་གི་མེད་པ་རེད།
གནས་ཚུལ་དེ་དག་གི་རྐྱེན་པའི་བོད་མི་མི་ཉུང་བ་ཞིག་གིས་ཞལ་འདེབས་གང་བསྡུས་ཟིན་པ་དང་བསྡུ་བཞིན་པ་དེ་དག་ཡང་རྒྱ་ནག་སྲིད་གཞུང་གི་སྒྲིག་འཛུགས་གང་རུང་ཞིག་མ་བརྒྱུད་པར་ས་གནས་ས་ཐོག་གི་གནོད་འཚེ་ཐེབས་ཡུལ་གྱི་མི་མང་དཀའ་སྡུག་ཆེ་བ་དག་གི་ད་ལྟའི་འཚོ་གནས་ཀྱི་གནས་བབ་ཀྱི་དགོས་འཁོ་ཆེ་སར་དུས་ཐོག་དུ་འབྱོར་བཞིན་མེད་པ་དང་། རྒྱ་ནག་སྲིད་གཞུང་གིས་གསལ་བསྒྲགས་ཀྱིས་བོད་མི་དག་ལ་ཁང་བ་གསར་བ་དང་། མཛེས་ལྗོངས་གསར་བ། དྭ་ཕྲུག་ཚོར་མ་འོངས་མདུན་ལམ་གསར་བ་སོགས་གནང་ཚུལ་ས་བསྒྲགས་གནམ་བསྒྲགས་བྱེད་ཀྱིན་ཡོད་པའི་གསར་འགྱུར་ཁག་ནི་ཕྱི་རྒྱལ་གྱི་འབྲེལ་ལམ་ཁག་ལ་ཡང་བཏང་ཡོད་པ་རེད།
ད་ནི་ངེད་ཅག་བོད་མི་ཕྱི་བསྡོད་པ་དང་བོད་ནང་གི་ཤེས་ཡོན་ཅན་གྱི་མི་སྣ་དག་གིས་གོ་སྐབས་འདི་དམ་འཛིན་གྱིས་རྒྱ་ནག་སྲིད་གཞུང་གིས་ད་ལྟའི་འཆར་ཐད་གཏོང་གནང་བའི་གསར་འགྱུར་བརྙན་བསྡུས་ཁག་དང་། གསར་འགྱུར་དང་ཚགས་ཤོག་ཁག་གཉར་ཚགས་བྱེད་རྒྱུ་དང་། ལོ་དང་ཟླ་བ་སྒུག་ནས་རྒྱའི་སྲིད་གཞུང་གི་ལས་ཀའི་བྱེད་ཕྱོགས་ཐད་དུ་སྔ་འདེད་ཚ་འདེད་གཏོང་རྒྱུར་དེར་བོད་ཕྱི་ནང་གཉིས་ཀྱིས་ལྡོག་རྩ་གཅིག་སྒྲིལ་བྱེད་ཐུབ་དགོས་ཀྱི་ཡོད་པ་རེད།
བོད་ནང་ནས་རྒྱ་ནག་གི་རྩ་ཁྲིམས་དང་ཁོང་ཚོས་གང་བཤད་པ་དེར་གཞིར་བཟུང་ནས་རྩོམ་ཡིག་སྤེལ་བ་དང་རྒྱ་ནག་མི་དམངས་ལ་ཡང་ངེས་སུ་གང་ཐུབ་ཐུབ་ཞིག་ཤེས་སུ་འཇུག་རྒྱུར་འབད་བརྩོན་བྱེད་པ་དང་། བྱེས་སུ་བསྡོད་མཁན་དག་གིས་བོད་ནང་དུ་རྒྱ་ནག་སྲིད་གཞུང་གིས་རོགས་རམ་དེ་འདྲ་ཞིག་གནང་རྒྱུར་ཁས་ལེན་བྱེད་བཞིན་པ་དེར་བསྔགས་བརྗོད་ཀྱི་འཕྲིན་ཡིག་དང་གནས་ཚུལ་སོགས་ཡིག་རིགས་གང་མང་ཞིག་གི་སྟེང་ནས་སྲིད་གཞུང་གི་མིང་ཐོག་ལ་གང་ས་ནས་གཏོང་ཐུབ་དགོས་ཀྱི་འདུག
ད་ནི་ང་ཚོས་རང་གི་རང་སྐྱོབས་ཐབས་ཀྱི་ཐབས་ལམ་འདི་ཁོང་ཚོས་ས་ནས་སྤྱོང་དགོས་ཀྱི་འདུག ལྷག་པར་དུ་ང་ཚོས་རང་གི་རྔུལ་ཁྲག་ལས་གྲུབ་པའི་དངུལ་སྒོར་དེ་དག་རྒྱ་ནག་སྲིད་གཞུང་གི་ལྐོག་ངན་ཟ་བར་གོམ་ཟིན་པའི་རྒྱུགས་ཁྱི་དེ་དག་གི་སྒོ་འགྲམ་དུ་གཏན་ནས་བསྐྱེལ་དགོས་དོན་མེད་ལ། དེ་དག་གི་སྲིད་གཞུང་གི་སྒོ་འགྲམ་དུ་བསྐྱལ་དགོས་དོན་དེ་བས་མེད། ཁོང་ཚོས་ངེད་ཚང་གི་སྤུན་ཟླ་དག་ལ་ག་རེ་ཁས་བླངས་པ་དེར་ངེད་ཅག་གིས་རྒྱང་ནས་བལྟ་བ་དང་ཉན་ནས། ང་ཚོའི་རང་རང་གི་ཕྱོགས་ནས་བསྡུ་བཞིན་པའི་ཞལ་འདེབས་དེ་དག་སྤྱང་ཀའི་སྒོ་འགྲམ་དུ་ལུག་ཤ་ཚོན་པོ་དེ་དག་ཁུར་དེ་འགྲོ་རྒྱུའི་ཐབས་ལམ་དེ་ཕྱིར་འཐེན་བྱེད་དགོས་ཀྱི་འདུག
ངས་ཀྱང་འདི་ནས་རང་གི་སྤུན་ཟླ་དག་ལ་ཞལ་འདེབས་ཀྱི་སྐོར་ལ་སྐད་ཆ་ཡང་བཤད་ཟིན་པ་ཡིན། ངེད་ཅག་གིས་ཀྱང་རང་རང་གི་སེམས་ནས་ག་ཚོད་ཡོང་མིན་ལ་མ་བལྟས་པར་བོད་མི་ག་ཚོད་ཡོད་པ་ཚང་མ་འཛོམ་ནས་ཞལ་འདེབས་ཤིག་བསྡུས་པ་ཡིན་ན་ཞེས་ཁོང་ཚོར་ཞུས་པ་ཡིན་ལ། ཁོང་ཚོས་ཀྱང་དེ་ལྟར་བསམ་བཞིན་པའི་སྒང་རེད་ལ། དེ་ལ་ཚང་མས་མོས་མཐུན་བྱེད་ཀྱི་འདུག ཡིན་ཡང་། གཟབ་ནན་གྱིས་བསམ་བློ་ཞིབ་མོ་ཞིག་བཏང་བ་དང་། རྒྱའི་སྲིད་གཞུང་གིས་ད་ལྟ་བོད་ནང་གི་བོད་མི་གཏན་བསྡོད་བྱེད་མཁན་དག་ས་གནས་དེར་བསྐྱོད་ཆོག་པའི་ཐོབ་ཐང་ཙམ་ཡང་སྤྲོད་ཀྱི་མེད་པ་དེར་བལྟས་དུས་སུ། ངས་གཞི་ནས་ང་ཚོའི་འདི་ནས་ཞལ་འདེབས་ཤིག་བསྡུས་ཀྱང་། དེ་ཡང་རྒྱའི་སྲིད་གཞུང་གི་སྒོ་འགྲམ་ཁོ་ན་བརྒྱུད་དགོས་པ་ལས་ཐབས་མེད་པ་མཐོང་དུས། ཞལ་འདེབས་བསྡུ་བའི་སྐོར་གྱི་བསམ་བློ་དེར་འགྱུར་བ་བཏང་བ་ཡིན། འོན་ཀྱང་། སྒེར་སོ་སོ་ནས་རྡ་སར་ཡོད་པའི་༤།༡༤ཡུལ་ཤུལ་ས་འགུལ་རོགས་སྐྱོབས་ཚོགས་ཆུང་ལ་ཕུལ་འདོད་ཡོད་ན། དེ་ནི་ཁོང་ཚོས་འདོད་པ་ཡིན་ཡང་། ཚོགས་པ་འདིས་ཀྱང་རྒྱ་ནག་གི་སྲིད་གཞུང་གི་ལས་ཁུངས་གང་རུང་ཞིག་མ་བརྒྱུད་པར་ཐད་ཀར་ས་གནས་ས་ཐོག་དུ་བསྐྱེལ་ཐུབ་རྒྱུའི་གདེངས་ཚོད་ཅིག་གཏན་ནས་མེད་པ་ཞིག་མཐོང་སོང་།
ད་ནི་ཡུལ་ཤུལ་གྱི་མི་དམངས་ལགས། ངེད་ཅག་གི་སྟོན་པ་ཐུབ་པའི་དབང་བོ་མཆོག་གིས། བདག་ཉིད་བདག་གི་མགོན་ཡིན་ནོ་གསུངས་པ་དེར་བསམ་བློ་རེ་བཏང་ནས། ཡར་ལ་ལོངས་ཤིག མི་ནི་སྐྱེ་བ་ནས་ཤི་རྒྱུའི་ཕྱོགས་སུ་གོམ་པ་བརྒྱབས་ཟིན་པ་ཡིན། རེད་དེ། ད་རེབས་ཀྱི་འདི་ནི་ཤི་སྟངས་གློ་བུར་བ་དང་ཆག་སྒོ་ཞེས་པ་དེ་ཡིན་དུས། དེ་དག་གི་ཆེད་དུ་གང་ཐུབ་ཐུབ་ཀྱི་མ་ཎི་རེ་འདོན་ངེས་ཡིན། མ་ཎི་གང་བཏོན་པ་དེ་ཡི་དགེ་རྩ་འདི་ཕྱིའི་གཉིས་ལ་ཕན་པར་ཤོག
དགེ་བ་འདི་ཡི་མྱུར་དུ་བདག། སྤྱན་རས་གཟིགས་དབང་འགྲུབ་གྱུར་ནས།།
འགྲོ་བ་གཅིག་ཀྱང་མ་ལུས་པ།། ཁྱེད་ཀྱི་ས་ལ་འགོད་པར་ཤོག།