བསམ་འཆར་ཡིག་ཆ་རང་བཞིན་ནུས་མེད་དུ་ཕྱིན་པའི་གཞུང་འབྲེལ་གསལ་བསྒྲགས་བྱེད་དགོས།
བསྙོན་དུ་མེད་པའི་དངོས་བྱུང་ལོ་རྒྱུས་ཀྱི་སྒང་ནས་གླེང་ན། བོད་འདི་ནི་རྒྱ་དཀར་ནག་གཉིས་ཀྱི་བར་ན་གནའ་ནས་འདྲ་མཉམ་དུ་གནས་པའི་རང་དབང་རང་བཙན་གཙང་མའི་རྒྱལ་ཁབ་ཞིག་ཡིན་པ་ཚན་རིག་རང་བཞིན་གྱི་འགྲེལ་བཤད་བྱེད་ཀྱི་ཡོད། ཡིན་ནའང་ཆོས་ཐམས་ཅད་མི་བརྟན་པ་ཡིན་པའི་གནས་ལུགས་ཀྱི་དབང་གིས་འཛམ་གླིང་སྤྱིའི་ལོ་རྒྱུས་ཀྱི་གནས་བབ་ལ་འཕོ་འགྱུར་བྱུང་བ་བཞིན། བོད་གངས་ཅན་པའི་འདས་པའི་བྱུང་རབས་ལོ་རྒྱུས་ནང་དུ་ཡང་དར་རྒུད་སྣ་ཚོགས་ཀྱི་གནས་ཚུལ་བྱུང་ཡོད་པ་ནི། བོད་ཀྱི་མངའ་ཐང་དར་བའི་དུས་སུ་རྒྱ་ནག་རྒྱལ་པོ་ཁྲི་ལས་ཕབས་པ་དང་། རྒུད་པའི་དུས་སུ་སིལ་བུར་འཐོར་པའི་ལོ་རྒྱུས་ལྟ་བུ་རེད།
དེ་ནས་བཟུང་བོད་རྒྱའི་དཀའ་རྙོག་ཟེར་བ་ཞིག་གནམ་འོག་ཏུ་གྲགས་འགོ་ཚུགས་ཤིང་། བོད་དུ་ཁེར་འདུག་སྐྱིད་ཉལ་ལ་དགའ་བའི་བོད་མི་རྣམས་ལ་ཚིག་བརྗོད་ཀྱི་ལམ་ནས་མངོན་མི་ཐུབ་པའི་དཀའ་སྡུག་མནར་གཅོད་དཔེར་ན། རང་ཤི། མུག་ཤི། བཙོན་འཇུག སྲོག་ཁྲིམས་སོགས་ཇི་རྙེད་ཅིག་གི་གནས་སྟངས་ཡ་ང་ཡིད་སྐྱོ་ཁོ་ནའི་འོག་དུས་རབས་ཕྱེད་ལྷག་གི་མི་རབས་སྐྱེལ་དགོས་བྱུང་ཞིང་། དེ་མཚུངས་གཞིས་བྱེས་ཁ་བྲལ་གྱི་གནས་བབ་འོག་ནས་བོད་དོན་འཐབ་རྩོད་ཀྱི་འུར་སྒྲ་ཡང་རྒྱུད་ཆད་མྱོང་མེད་ལ། གཞིས་ལུས་རྒྱ་ཆེའི་མི་མང་གི་ངོས་ནས་བོད་ཀྱི་རིག་གཞུང་དང་། རྒྱ་ནག་གི་བོད་རིགས་ཀྱི་འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་ལས་བརྒལ་ཏེ་བོད་རྒྱལ་ཁབ་ཀྱི་ཁྲིམས་མཐུན་བདག་དབང་ངམ། བོད་ཀྱི་རྩ་དོན་ཐད་སྔར་ནས་ད་བར་ངོས་འཛིན་དང་འདོད་ཚུལ་གཅིག་ལས་འགྱུར་བ་གཏན་ནས་འགྲོ་མྱོང་མེད་པའི་མངོན་འདོད་གྱི་འབོད་སྒྲ་ནི་བོད་རང་བཙན་ཡིན། རྒྱ་མི་བོད་ནས་ཕར་རྒྱུག་ཤིགས། རྒྱལ་བ་བསྟན་འཛིན་རྒྱ་མཚོ་ཁྲི་ལོ་བརྟན་པར་ཤོག་ཅེས་པ་དེ་ཡིན་པ་ནི་ལས་འབྲས་ལ་འགྲོ་བའི་དྲང་གཏམ་ཞིག་རེད། འོན་ཀྱང་བོད་ས་ཤོར་ནས་སྐྱབས་བཅོལ་དུ་འབྱོར་ཞིང་༸གོང་ས་སྐྱབས་མགོན་ཆེན་པོས་དབུ་ཁྲིད་པའི་བཙན་བྱོལ་བོད་གཞུང་གིས་དགོངས་ཡངས་དཀྱེལ་ཆེ་ཡིས་གུ་བཤང་སྟབས་བསྟུན་བྱས་པ་སྟེ། རིམ་འགྱུར་ཆབ་སྲིད་ཀྱི་ལངས་ཕྱོགས་བཟུང་ནས་དབུ་མའི་ལམ་ལ་བརྟེན་ནས་སྔ་བར་ཕྱི་གསུམ་དུ་མེས་ཚིག་མེར་གཏུགས་ཀྱིས་འབྲེལ་མོལ་རྒྱུན་སྐྱོང་བྱས་པ་རེད།
དེ་ཡང་དང་པོ་དུས་ཐུང་ནང་རང་བཙན་གླེང་ཞིང་། དེ་ནས་བོད་ཆོལ་ཁ་གསུམ་གཅིག་ཏུ་བསྒྲིལ་བའི་རང་སྲིད་རང་སྐྱོང་མིང་དོན་མཚུངས་པ་མང་གཙོའི་ལམ་སྲོལ་ལྡན་པ་ཞིག་དགོས་ཀྱི་ཡོད་ཅེས་ཧོང་ཀོང་གི་གནས་བབ་ལས་ཀྱང་ཚད་མཐོ་བའི་དགོས་འདུན་གླེང་ནས་༸སྐྱབས་མགོན་རིན་པོ་ཆེའི་སྐུ་ཚབ་དང་། རྒྱ་ནག་འཐབ་ཕྱོགས་གཅིག་གྱུར་ཁང་གཉིས་བར་འབྲེལ་མོལ་རིམ་བྱས་ལ་དོན་ཕན་ལྡན་པའི་གྲུབ་འབྲས་གང་ཡང་བྱུང་མེད་ལ། འབྲེལ་མོལ་ཐེངས་རེའི་རྗེས་སུ་རྒྱ་ནག་གིས་༸གོང་ས་མཆོག་ལ་བསྐུར་འདེབས་ཚད་མེད་རེ་དང་། བོད་ཀྱི་ལོ་རྒྱུས་དང་། བོད་མིའི་བདེ་སྡུག་གི་གནས་བབ་ལ་འཁྱོག་བཤད་སྣ་ཚོགས་བྱེད་པ་ལས་རྒྱ་ནག་གིས་བོད་ཀྱི་རྩ་དོན་དཀའ་ངལ་སེལ་འདོད་ཀྱི་རྣམ་པ་ཙམ་ཡང་སྟོན་གྱི་མེད། ཡིན་ནའང་ད་དུང་༸གོང་ས་མཆོག་དང་། རང་གཞུང་བཀའ་ཤག་གིས་གཞིས་ལུས་རྒྱ་ཆེའི་མི་མང་གིས་ཚེ་སྲོག་འབེན་ལ་བཞག་པའི་འབོད་སྒྲ། ཤི་གསོན་གཏའ་མར་བཞག་པའི་མངོན་འདོད་གང་ཡིན་ཐུགས་ལ་མངའ་བཞིན་དུ་འབྲེལ་མོལ་གྱི་ཁོར་ཡུག་བསྐྲུན་ཅི་ཐུབ་བྱས། མཐར་བོད་ཀྱི་རྩ་དོན་གྱི་འབབ་ས་བོད་རིགས་ཡོངས་ལ་མི་རིགས་ས་གནས་རང་སྐྱོང་གི་ཆ་རྐྱེན་ཁག་ལག་བསྟར་དགོས་པའི་རེ་སྐུལ་ཙམ་གྱི་ཐོག་ཏུ་བབས་པ་རེད། དེ་ཡང་འབྲེལ་མོལ་སྐབས་ཀྱི་གྲོས་གཞི་ཙམ་ལས་གྲོས་མོལ་གྱིས་འབབ་སར་སླེབས་མེད་པར་བརྟེན། རྒྱ་ཕྱོགས་ནས་དེ་ལ་’’རང་བཙན་ཕྱེད་ཙམ་དང་། ངོ་བོ་འགྱུར་བའི་རང་བཙན་དེ་ཡིན་པ་དང་། ངོ་བོ་གང་ལྟར་ནི་བོད་རང་བཙན་ཟེར་བ་དེ་དག་ཡིན་’’ཅེས་པའི་སྐྱོན་བརྗོད་དང་། ༸གོང་ས་མཆོག་གིས་དབུ་ཁྲིད་པའི་བཙན་བྱོལ་བོད་གཞུང་གིས་ཕྱི་ལོ་ ༢༠༠༨ ལོའི་གསུམ་བཅུའི་ཞི་རྒོལ་གྱེན་ལངས་ཀྱི་དོན་རྐྱེན་གྱི་ངན་ཇུས་བཤམ་པ་སོགས་ཀྱི་ཉེས་འཛུགས་བྱས། མ་ཚད་”ང་ཚོས་ཁོང་དང་བོད་ཀྱི་གནད་དོན་ཟེར་བའི་སྐོར་གྲོས་བསྡུར་གཏན་ནས་བྱེད་མི་སྲིད་”ཅེས་གླེང་ནས། ཐ་ན་༸གོས་ས་མཆོག་ལ་བོད་ཀྱི་”གནད་དོན་དེ་འདོན་པའི་ཐོབ་ཐང་མེད་པའི་”ཐ་ཚིག་བསྒྲགས་པ་རེད། སྐབས་དེ་དུས་༸གོང་ས་མཆོག་གིས་ཀྱང་ཕྱོགས་གཅིག་ནས་ཁོང་དབུ་མའི་ལམ་ནས་ཕམ་པར་གྱུར་པ་དང་། རྒྱ་གཞུང་ལ་ཡིད་ཆེས་མེད་པར་བསྒྲགས་ཤིང་། བཙན་བྱོལ་བོད་མའི་བཅའ་ཁྲིམས་དོན་ཚན་ང་དགུ་པའི་འོག་དམིགས་བསལ་ཚོགས་ཆེན་འཚོགས་བསྐོང་ནས་བོད་ནང་གི་ཛ་དྲག་གི་བྱུང་རྐྱེན་དང་། རྒྱལ་སྤྱིའི་གནས་བབ་བཅས་ཀྱི་འོག་བོད་ཀྱི་རྩ་དོན་གོ་བསྡུར་བགྲོ་གླེང་ཞིབ་ལྷོད་ཅིག་གནང་པ་རེད་ལ། ཕྱོགས་གཞན་ཞིག་ནས་དམིགས་བསལ་ཚོགས་ཆེན་ཐོག་བོད་ཕྱི་ནང་གི་རྒྱ་ཆེའི་མང་ཚོགས་ཀྱི་བསམ་ཤོག་ཕྱོགས་བསྡོམས་བྱས་པའི་རྒྱབ་གཉེར་སྙན་ཐོའི་ནང་གི་བཙན་བྱོལ་བོད་གཞུང་གི་སྲིད་བྱུས་དང་ལངས་ཕྱོགས་སྐོར་ཀྱི་དོན་ཚན་དང་པོའི་ནང་”ད་ཡོད་འབྲེལ་མོལ་སྐུ་ཚབ་གཏོང་རྒྱུ་མཚམས་འཇོག་བྱ་རྒྱུ་དང་།”ཅེས་མང་ཚོགས་ཀྱི་བཀའ་གནང་བ་རྩིས་མེད་ཀྱིས་སྐུ་ཚབ་རྣམ་པ་གཉིས་རྒྱ་ནག་གིས་གནང་བའི་བླང་བྱ་རྒྱུན་འཁྱོང་གསུམ་གྱི་དམ་བཅའ་ཁས་ལེན་གྱི་ཡི་གེ་དང་སྦྲགས་ནས་འབྲེལ་མོལ་ཐེངས་དགུ་པ་བྱེད་དུ་སླར་ཡང་བཏང་། དེ་ལ་རྒྱ་ཕྱོགས་ནས་བྱེད་མི་རུང་བ་བཞི་ཡི་བསླབ་བྱ་གནང་བ་དང་བཅས་ཏེ་རེ་འབྲས་གང་ཡང་མེད་པའི་ངང་ནས་ཕྱིར་ཕེབས་གནང་ཡོད་པ་རེད།
སྤྱི་ཡོངས་དངོས་ཡོད་ཀྱི་ཐོག་ནས་བལྟས་ན་རྒྱ་ནག་རང་ཉིད་ཀྱིས་གཏན་ལ་ཕབས་པའི་རྩ་ཁྲིམས་རྒྱ་ནག་རང་གིས་ཉམས་ལེན་བྱེད་ཀྱི་མེད་ན། ང་ཚོའི་རེ་སྐུལ་ཡི་གེ་ཇི་ལྟར་སྙན་དགུ་ཞིག་ཡིན་ཡང་ཁས་ལེན་མི་བྱེད་ལ། གལ་ཏེ་ཁས་ལེན་བྱེད་སྲིད་པའི་དབང་དུ་བཏང་ཡང་ལག་བསྟར་མི་བྱེད་པ་ནི་ཉམས་མྱོང་གི་ཐོག་ནས་ཤེས་གསལ་རེད། གནས་སྟངས་འདི་ཤེས་བཞིན་མཐོང་བཞིན་དུ་མེས་ཚིག་མེར་གཏུགས་ཀྱིས་ཨུ་ཚུགས་བྱེད་པ་ལ་རྒྱུ་མཚན་ཇི་འདྲ་ཞིག་བགྲང་རྒྱུ་ཡོད་རུང་། དོན་དངོས་ཐོག་ཕན་ནུས་གང་ཡང་མེད་ན་གླེན་པའི་ཨུ་ཚུགས་ལས་ཅི་ཞིག་ཡིན། འོན་ཀྱང་ད་ནི་གནས་ཚུལ་འདི་དག་ཚང་མ་དབུ་མའི་ལམ་གྱི་འདས་ཟིན་པའི་བྱུང་རབས་ཙམ་ཟད་པས། དེ་ལས་འདས་པའི་ཉམས་མྱོང་གིས་བསླབ་བྱ་བླང་ནས་མ་འོངས་པའི་འགྲོ་ལམ་ཡང་དག་ཅིག་དང་། ཚུགས་ཐུབ་ཅིག་འདེམས་དགོས་པ་དུས་སུ་བབ་པར་སྣང་ལ། འདམས་ཁ་ཡང་གཅིག་རང་ཡོད་པ་སྟེ། རྒྱ་ནག་གིས་བོད་རིགས་ཡོངས་ལ་མིང་དོན་མཚུངས་པའི་རང་སྐྱོང་ཡོང་ཐབས་ཀྱི་བསམ་འཆར་དེའི་མགོ་མཇུག་བར་གསུམ་ལ་ངོས་ལེན་རྩ་བ་ནས་མེད་ཅེས་རྩིས་མེད་བཏང་ཟིན་པས། དེའི་འགན་ཁུར་ཡོངས་རྫོགས་རྒྱ་ནག་ལ་ཡོད་པས་རང་ཕྱོགས་ནས་བསམ་འཆར་ཡིག་ཆ་དེ་རིང་བཞིན་གྱིས་ནུས་མེད་དུ་སོང་བའི་གཞུང་འབྲེལ་གསལ་བསྒྲགས་བྱེད་རྒྱུའི་དུས་ལ་བབ་ཡོད་ལ། དེ་བཞིན་དམིགས་བསལ་ཚོགས་ཆེན་ཐེངས་དང་པོའི་སྐབས་ཀྱི་གཞིས་བྱེས་རྒྱ་ཆེའི་མི་མང་གི་བསམ་འཆར་རྒྱབ་གཉེར་སྙན་ཐོའི་ནང་”དུས་ཐུང་ནང་གྲུབ་འབྲས་མ་སོན་ཚེ་རང་བཙན་དང་རང་ཐག་རང་གཅོད་རྩོད་ལེན་གྱི་སྲིད་བྱུས་འཛིན་དགོས་པའི་བསམ་འཆར་ཤུགས་”ཆེ་བྱུང་བའི་དགོངས་དོན་ལ་བསམ་གཞིག་བྱེད་རྒྱུའི་དུས་ལ་བབ་པར་སྣང་། གནད་དོན་འདི་ནི་༸གོང་ས་མཆོག་གིས་ཡུ་རོབ་གྲོས་ཚོགས་ཚོགས་དུས་རྒྱས་འཛོམས་ཐོག་བསྩལ་བའི་སྦར་སིལ་གསུང་བཤད་ནང་”ང་ཚོས་འཚེ་བའི་ཐབས་ལམ་ལ་བསྟེན་ནས་འཐབ་རྩོད་བྱེད་རྒྱུར་ངས་མཐའ་གཅིག་ཏུ་དགག་བྱ་བྱེད་ཀྱི་ཡོད་ཀྱང་། ང་ཚོར་ཆབ་སྲིད་ཀྱི་འདམ་ཁ་ཇི་ཡོད་ཆ་ཚང་རྟོག་ཞིབ་བྱེད་རྒྱུའི་ཐོབ་ཐང་ངེས་པར་དུ་ཡོད།”ཅེས་གསུང་པའི་དགོངས་པ་དང་ཡོངས་སུ་མཐུན་པ་ཡིན། འོན་ཀྱང་ང་ཚོས་འདི་ལྟར་ཆབ་སྲིད་སྲིད་ཇུས་ཀྱི་གནས་བབ་ལ་འཕོ་འགྱུར་གཏོང་སྐབས་ཀྱང་། བོད་གཞུང་དང་། ༸གོང་ས་མཆོག་གིས་སྔ་ཕྱི་བར་གསུམ་དུ་གུ་བཤང་དང་སྤར་བཅོག་གང་ཡང་བྱེད་མ་མྱོང་བའི་རྩ་དོན་གཅིག་རང་ཡོད་པ་སྟེ། བོད་དོན་ནི་བོད་ནང་གི་བོད་མི་རྣམས་ཀྱི་བདེ་སྡུག་གི་གནས་ཚུལ་ཡིན་པས་བོད་མི་རྣམས་ལ་བདེ་སྐྱིད་འདོད་བློ་ཁེངས་པ་ཞིག་དགོས་ཞེས་པའི་དགོངས་དོན་འདི་གཞི་རྩར་བཞག་ནས་བོད་རྒྱའི་འབྲེལ་མོལ་མུ་མཐུད་དུ་བྱེད་རྒྱུའི་ལམ་ཁ་འཚོལ་དགོས་པ་ཡིན་ལ། དེ་ཡང་འབྲེལ་མོལ་ཐེངས་དགུ་བའི་སྐབས་༸གོངས་མཆོག་གིས་རྒྱ་ནག་ལ་རེ་འདུན་གསུམ་བཏོན་པའི་དང་པོའི་དགོངས་དོན་ལྟར། བོད་ནང་རྒྱ་བོད་ཕྱོགས་གཉིས་མཉམ་རུབ་ཐོག་རྒྱལ་སྤྱིའི་ནང་ནས་བློ་གཟུ་བོར་གནས་པའི་དཔང་མི་ཚད་ལྡན་དང་བཅས་པའི་རྟོགས་ཞིབ་ཚོགས་པ་བཙུགས་ནས་བོད་ནང་གི་བོད་མིའི་མངོན་འདོད་གང་ཡིན་ལ་ཁྲིམས་མཐུན་གྱི་ཞིབ་འཇུག་བྱས་རྗེས་གྲུབ་དོན་གང་བྱུང་བ་ནི་བོད་མིའི་མངོན་འདོད་ངོ་མ་དང་བོད་ཀྱི་རྩ་དོན་དག་མ་དེ་ཡིན་པས། ང་ཚོས་བསྐལ་བ་མ་སྟོང་བར་དུ་ཡང་གནད་དོན་དེ་ལ་ཤི་འཐམ་རོ་འཐམ་བྱས་ནས་འཐབ་རྩོད་བྱེད་དགོས་པ་ཡིན། དེ་ལྟར་བྱས་ན་རྒྱ་ནག་གིས་ཀྱང་བོད་ནང་གི་བོད་མི་ཚོའི་དཀའ་སྡུག་གི་གནད་དོན་ཞིག་རྒྱལ་སྤྱིའི་ནང་ཁས་ལེན་དགོས་ཐུག་པ་དང་། ༸གོང་ས་མཆོག་ཀྱང་བོད་མིའི་ཚབ་མཚོན་རང་བཞིན་ཅན་གྱི་ཁྲིམས་མཐུན་དབུ་ཁྲིད་ཅིག་ལ་རང་བཞིན་གྱིས་རྒྱ་ནག་གིས་ངོས་འཛིན་བྱེད་དགོས་ཆགས་ངེས་ཡིན་ལ། དེ་ནས་བཟུང་བོད་རྒྱའི་འབྲེལ་མོལ་དང་ཞི་མོལ་གྱི་གནད་དོན་གང་ཡིན་ཡང་༸གོང་མཆོག་གི་དགོངས་གཞི་ཡིན་མིན་དང་། གཞིས་ལུས་རྒྱ་ཆེའི་མི་མང་གི་མངོན་འདོད་ཡིན་མིན་གྱི་རྙོག་གླེང་གི་རིགས་ཀྱང་རང་བཞིན་གྱིས་འཇགས་ནས། དམ་ཚིག་རྡོག་རྩ་གཅིག་བསྒྲིལ་གྱིས་བོད་དོན་བདེན་མཐའ་མྱུར་དུ་གསལ་བར་ཕན་ནུས་ཆེན་པོ་ཡོད་ལ། འཛམ་གླིང་རྒྱལ་སྤྱིའི་ངོས་ནས་ཀྱང་ཁྲིམས་མཐུན་རང་བཞིན་གྱི་བདེན་དོན་འཐབ་རྩོད་དམ། རང་དབང་འཐབ་རྩོད་ལ་རྒྱབ་སྐྱོར་སྔར་ལྷག་བྱེད་པར་ཐེ་ཚོམས་མེད་པས། གནད་དོན་འདི་ལ་བོད་རིགས་སྤུན་ཟླ་ཚང་མས་ཡིད་འཇགས་དགོས་པར་སེམས་སོ།