ཁེར་ལབ།་

 

བུ་ཕྲུག་མང་གི་དྲེགས་ཅན་ཨ་ཕ་ཚོ།

ངན་འབྲས་རྒྱུད་ཐག་མ་ཆོད་རྡོག་འཕྲིས་ལྕི།

དྲིན་ལན་ལོག་མཇལ་བསུན་བཙིར་མནར་གཅོད་འོག

མྱ་ངན་ཐང་ནས་ཨ་མའི་ངུ་འབོད་གཟེན།།


སྐྱེ་རྒ་ན་འཆི་འགོག་མེད་ཆོས་ཉིད་དེ།

འཇིག་རྟེན་ཆོས་རྒྱལ་ཁྲོས་པའི་གོ་རིམ་ཙམ།

ས་ཆེན་འདི་ན་ཟློས་གཞུང་གར་མཁན་ཚོས།

སྣ་ཚོགས་གར་ལ་ཡ་ང་སྙིང་རེ་རྗེ།།


འཇིག་རྟེན་གོར་མོར་ཡ་མཚན་ལྟད་མོ་མང།

མི་ཚེའི་ཕྲང་ལམ་མཐོང་ཐོས་གང་ཡང་མཆིས།

ཕ་མ་སྤུན་ཡང་ཉེ་མདོག་དུས་ཡུན་རྫོགས།

མཐའ་མའི་གྱེས་དགོས་དོན་དམ་འགོག་མེད་ལས།།་


བདེན་དོན་ངེས་པའི་བྱ་བར་རྟག་ཏུ་དམོད།

རང་ལས་མཆོག་སོ་ཅོག་ལ་རྒྱུན་དུ་སྡང།

དཀར་ནག་ལོག་འགྲེལ་རྫུན་ཅན་བྱ་སྤྱོད་ཡོངས།

མཐོང་ཚེ་ཡིད་ཀྱི་དང་མ་སླར་ཡང་འགག།


ཕྱི་ཚུལ་ངོ་ཡག་ལས་ལ་ཤིན་ཏུ་བྱང།

ཡ་རབ་བཅོས་མའི་སྤྱོད་པ་དེ་བས་རྒོད།

གནག་སེམས་ཁོག་སྦས་ངན་བློའི་འབྱུང་རྩ་རྣམས།

སྐད་ཅིག་སྤྱོད་པས་སྦས་ལ་དགོད་རེ་བྲོ།།


ཡ་རབ་དོན་སྙིང་ལྕེ་རྩེའི་ལྦུ་བ་བཞིན།

མ་རབ་སྤྱོད་ངན་དོན་དངོས་འཇིགས་སུ་རུང།

སྙིགས་མའི་དུས་འདིར་ངན་པ་མགོ་འཕང་མཐོ།

བདེ་དོན་གཏོར་ལ་ཁད་པའི་རྒྱུ་རྐྱེན་དངོས།།


དོན་དམ་ལེགས་ཆ་དབེན་པའི་མུན་ནག་ཏུ།

འཚོ་ཡུན་རིང་ཡང་སྙིང་དོན་དབེན་པའི་སར།

ལེགས་ལྡན་རང་དབང་རྨང་རྡོ་བརྩེགས་པའི་ཡུལ།

གང་དུ་མཆིས་སམ་བརྩེ་ཆེན་དྲང་སྲོང་ལགས།།་

ཟླ་༥ཚེས༧ཉིན་རང་ཤག་ཏུ་བྲིས།