སྟོད་མངའ་རིས་ནས་སྨར་ཁམས་ཀྱི་ཚོང་པ་ཁག་ཅིག་འཛིན་བཟུང།

ནོར་ཝེ་བོད་ཀྱི་རླུང་འཕྲིན་ཁང་ནས་ཟླ་འདིའི་ཚེས་༢༤ ཉིན་གནས་ཚུལ་སྤེལ་བ་ལྟར་ན། ཉེ་ཆར་སྨར་ཁམས་ནས་ཡིན་པའི་ཚོང་པ་དགེ་འདུན་དང། བསྟན་འཕེལ། སྟོབས་རྒྱལ། རྡོ་རྗེ་འཕྲིན་ལས། ཟླ་བཞིན། དར་རྒྱས། གཞན་ཡང་མིང་མི་ཤེས་པ་གཅིག་བཅས་ཁྱོན་མི་བདུན་འདི་ལོའི་ཕྱི་ཟླ་༦ པའི་ཚེས་ཤར་ལ་རྒྱ་ནག་སྤྱི་བདེ་མི་སྣས་འཇུ་བཟུང་བྱས་ཡོད་པ་རེད། དེའི་ནང་ནས་ཁག་ཅིག་མངའ་རིས་རུ་ཐོག་བཙོན་ཁང་དང། ཁག་ཅིག་སྤུ་ཧྲེང་བཙོན་ཁང་དུ་ད་ལྟ་བཀག་ཉར་བྱས་ཡོད་པ་རེད། ཚོང་པ་དེ་དག་འཛིན་བཟུང་དགོས་དོན་གསལ་ཁ་མེད་ནའང། སྨར་ཁམས་ས་གནས་སུ་རྒྱ་རིགས་ཀྱིས་གཏེར་ཁ་སྔོག་འདོན་བྱས་པ་དེར་ས་གནས་མི་མང་གིས་ངོ་རྒོལ་བྱས་པར་བརྟེན། ཚོང་པ་དེ་དག་གིས་ས་གནས་མི་མང་ལ་ངན་སྐུལ་བྱས་པ་དང། དཔལ་འབྱོར་གྱིས་འགྲོ་སོང་བཏང་བ། ཕར་ཚུར་ཁ་པར་གཏོང་རེས་བྱས་པ་སོགས་ལ་བརྟེན་ནས་ཡིན་སྐོར་བརྗོད་ཀྱི་ཡོད་འདུག

ཡང་ལོ་འདིའི་ཕྱི་ཟླ་༥ པའི་ནང་སྨར་ཁམས་ཁུལ་དུ་གཏེར་ཁ་སྔོག་འདོན་གྱི་ལས་གཞི་མཚམས་འཇོག་དགོས་པའི་དགོས་འདུན་བཏོན་པ་དང། སྨར་ཁམས་རྫོང་གི་ཤང་བཞི་ནས་མི་སྣ་གཉིས་རེ་ལས་གཞི་དེའི་ཐད་རྒྱ་ནག་དབུས་གཞུང་ལ་ཞུ་གཏུགས་བྱས་པར་བརྟེན། ཞུ་གཏུགས་བྱེད་མཁན་མིང་ལ་ལེགས་གྲུབ་དང། ནོར་བུ་སྟོབས་རྒྱལ། ཀུན་དགའ་གྲགས་པ། ཨ་ཕྲུག་གུ་རུ་ཟེར་བ་སོགས་བོད་མི་བརྒྱད་འཛིན་བཟུང་བྱས་ནས་ད་ལྟ་ཆབ་མདོ་ས་ཁུལ་གྱི་བཙོན་ཁང་དུ་བཀག་ཉར་བྱས་འདུག །

{jcomments on}