ཇ་ནང་གི་ལབ་གླེང་།

 

གནས་ཚུལ་འདིའི་ནང་དུ་དབུས་གཙང་གི་འོས་མི་རྣམ་ལ་རང་བཙན་གྱི་ལྟ་བ་མི་འཁྱེར་ རྒྱུར་མིང་རྟགས་བརྒྱབ་པ་དང་། དབུས་གཙང་ཆོལ་ཁའི་ཞེན་ཁོག་དགོས་པའི་དགོས་འདུན་བཏོན་ཡོད་པ་དེས་སྦེལ་ཀོབ་ས་ གནས་མི་མང་ཧང་སང་བཅུག་འདུག

ངས་གཤམ་དུ་ངས་གནས་ཚུལ་འདིའི་ སྐོར་ལ་ས་གནས་སུ་ལབ་གླེང་གང་བྱེད་ཀྱི་ཡོད་མེད་སྐོར་མདོར་བསྡུས་ཤིག་འགོད་ རྒྱུ་ཡིན།

ཁར་ཉིན་ཕྱི་དྲོ་ང་གཞིས་གྲོང་དང་པོར་ ཕྱིན་ནས་ཨ་ནེའི་ཇ་ཁང་དུ་ཇ་ཞིག་བཏུང་ནས་བསྡད། སྐབས་དེར་མི་ཁག་ཅིག་འཛོམས་ནས་གནས་ཚུལ་དེའི་སྐོར་ལབ་གླེང་བྱེད་ཀྱིན་འདུག མི་དེ་དག་ཚང་མ་ངས་ངོ་ཤེས་ཀྱི་ཡོད་ལ། ཚང་མ་ས་གནས་སུ་དབུས་གཙང་གི་གནས་ཡོད་མི་སྣ་ཡང་རེད། ཁོང་ཚོས་འདི་ལྟར་གླེང་གི་འདུག

བདེ་སླར་ཕ་མའི་ཚོགས་མི་དང་ཉིན་སློབ་ལས་ བྱེད་རིག་འཛིན་ལགས་ཀྱིས་གསུང་དོན། ད་ཐེངས་དབུས་གཙང་གིས་ཡག་པོ་ཁྱོན་ནས་བྱས་མི་འདུག ཆོལ་ཁ་ལ་ཞེན་ཁོག་བྱེད་རྒྱུ་ཟེར་བ་དེ་དང་། དེ་ལ་མིང་རྟགས་འཁོད་པ་ནི་ཆེད་དུ་བོད་མིའི་ཆིག་སྒྲིལ་གཏོར་བཤིག་བཏང་པ་རང་ རེད་ཅེས་བརྗོད་སོང་ལ།

ས་གནས་གཞོན་ནུའི་སློབ་སྟོན་པ་རྒན་བློ་ བཟང་རྡོ་རྗེ་ལགས་ཀྱིས་ཀྱང་། ཆོལ་ཁ་ལ་ཞེན་ཁོག་དགོས་པའི་དགོས་འདུན་དེ་ཡག་པོ་རྩ་བ་ནས་མ་རེད། མཐུན་སྒྲིལ་ལ་གནོད་ཀྱི་རེད། ད་དུང་གཞོན་ནུའི་གནད་ཡོད་མི་སྣ་ཚོས་རང་བཙན་གྱི་ལྟ་བ་མི་ཁུར་རྒྱུར་མཚན་རྟགས་ བརྒྱབ་པ་ག་རེ་ཡིན་ཟེར་ཀྱི་ཡོད་རེད་ཅེས་གསུང་སོང་།

ཚེ་རིང་ལྷུན་གྲུབ་གྱིས། ཆོལ་ཁ་ལ་ཤ་ཚ་དགོས་ཟེར་ན་ཨའོ་ཙམ་རེད། ཞེན་ཁོག་དགོས་ཟེར་ན་ཆེད་དུ་ཆིག་སྒྲིལ་ལ་ཁ་བྲལ་གཏོང་བའི་གཏམ་དང་ལས་ཀ་རང་རེད། དེ་འདྲ་བྱས་ནས་ཆོལ་ཁའི་ཞེན་ཁོག་གྲོས་ཚོགས་སུ་ཁུར་ནས་ལུང་ཚན་གྱི་འཐེན་ཁྱེར་ དང་ན་ཚ་བཟོས་ཀྱི་རེད། གཏོར་བཤིག་རང་རེད་ཅེས་བརྗོད་སོང་།

ད་དུང་ས་གནས་ཞོན་ནུའི་དྲུང་ཆེ་སྦྱིན་པ་ ལགས་ཀྱིས་ཀྱང་། ངོ་མ་ཞེན་ཁོག་གི་དགོས་འདུན་ཡག་པོ་མ་རེད། བོད་མིའི་རྡོག་རྩ་ཆིག་སྒྲིལ་ལ་གནོད་ཀྱི་རེད། དེ་བཞིན་གཞོན་ནུའི་མི་སྣ་ཚོས་རང་བཙན་གྱི་ལྟ་བ་མི་ཁུར་རྒྱུར་ས་ཡིག་བསྐྱོན་པ་ རེད། ངོ་མ་ཁེ་མཚར་བོ་རེད་ཅེས་ཁོང་ཚོ་ཚང་མས་གནས་ཚུལ་དེ་ལ་ཡི་ཆད་དང་སྐྱོན་བརྗོད་ བྱེད་ཀྱི་འདུག

ད་དུང་ཇ་ཁང་དེའི་གཡས་གཡོན་གྱི་དགེ་འདུན་ པ་དང་མི་སྐྱ་མང་པོ་ཞིག་གིས་ཆོལ་ཁའི་ཞེན་ཁོར་ཟེར་ནས་དགོས་འདུན་བཏོན་པ་དེས་ ཤུགས་རྐྱེན་ངན་པ་བཟོ་རྒྱུ་ཡིན་པའི་སྐྱོན་བརྗོད་བྱེད་ཀྱི་འདུག

ཁར་རྩང་ཕྱི་དྲོ་ཡང་ང་ཇ་ཁང་དེར་ཕྱིན་པ་ ཡིན། སྐབས་དེར་མི་རེ་ཟུང་གིས་གསལ་འགྱུར་དེ་པར་བཤུ་བྱས་ནས་ཁུར་འདུག་ལ། དབུས་གཙང་ཆོལ་ཁའི་ཞེན་ཁོག་གི་དགོས་འདུན་དེ་དང་། སྤྱི་འཐུས་རྙིང་པ་རྣམས་སླར་ཡང་འོས་མིར་བསལ་བསྒྲགས་བྱས་པ་དེས་ཆོལ་ཁ་གཞན་ གཉིས་ལ་ཡང་ཤུགས་རྐྱེན་ངན་པ་ཐེབས་སྲིད་པའི་སྐོར་གླེང་གི་འདུག ལྷག་པར་སྦེལ་ཀོབ་ས་གནས་གཞོན་ནུའི་ཚོགས་གཙོར་འདེམས་ཐོན་བྱུང་བའི་བསྟན་འཛིན་ ལྷ་ཁྱབས་ཀྱིས་རང་བཙན་གྱི་ལྟ་བ་མི་ཁུར་རྒྱུར་མིང་རྟགས་བཀོད་ནས་ས་གཞོན་ཚོགས་ གཙོའི་འོས་ཐོབ་དང་ལེན་བྱས་པ་ནི་ཆེད་དུ་གཞོན་ནུ་ལ་མཐོང་ཆུང་དང་གཞོན་ནུའི་ སྒྲིག་གཞི་ལ་གཏོར་སྐྱོན་བཏང་བ་ཡིན་པའི་སྐྱོན་བརྗོད་བྱེད་ཀྱི་འདུག་ལ། མི་འགྱང་བར་ས་གཞོན་རྒྱུན་ལས་ཚོགས་འདུ་འཚོགས་ནས་ཐག་གཅོད་ནན་མོ་བྱེད་དགོས་ པའི་བསམ་ཚུལ་གང་སར་གླེང་གི་འདུག ད་དུང་མི་རེ་འགས་སྤྱི་འཐུས་ཀརྨ་ཡེ་ཤེས་དང་རྩིས་དྲུང་ཟུར་པ་འཇིགས་མེད་འབྱུང་ གནས་སོགས་ལ་ཁ་པར་བརྒྱུད་དབུས་གཙང་གི་འོས་མི་ཁོང་ཚོས་རང་བཙན་གྱི་ལྟ་བ་མི་ འཁྱེར་རྒྱུ་དང་། ཆོལ་ཁའི་ཞེན་ཁོག་བྱེད་རྒྱུར་མིང་རྟགས་བཀོད་པ་རེད་ཟེར་བ་མདེན་པ་ཡིན་མིན་དང་། དེ་འདྲ་བྱེད་སྐབས་བསམ་བློ་ག་རེ་བཏང་ཡོད་མེད་དྲི་བརྩད་གཏོང་གི་འདུག

དེ་བཞིན་བདེ་སླར་གཞིས་ལས་ཁང་གི་འགྲམ་ གྱི་ཇ་ཁང་ནང་དུ་བདེ་སླར་ཕ་མའི་འཐུས་མི་སངས་རྒྱས་ནོར་བུ་སོགས་མི་མང་པོས་ཁ་ གཅིག་གྱུར་གྱིས་གནས་ཚུལ་དེ་ཡག་པོ་མིན་པའི་བསམ་ཚུལ་གླེང་གི་འདུག་ཟེར། ཇ་ཁང་གཞན་དང་ཚོང་ཁང་གི་ནང་དུ་ཡང་དེ་བཞིན་རེད་ལ། སུམ་མདོ་དང་སྨན་ཁང་གི་སྒོ་འགྲམ་དག་ན་ཡང་གནས་ཚུལ་དེ་ཡག་པོ་མིན་པའི་གླེང་ སློང་གི་འདུག

གང་ལྟར་ད་ཐེང་དབུས་གཙང་གི་འོས་མིའི་གསལ་ བསྒྲགས་དེའི་ནང་ཆོལ་ཁའི་ཞེན་ཁོག་དགོས་པའི་དགོས་འདུན་བདོན་པ་དང་། གཞོན་ནུའི་མི་སྣ་ཚོས་ཀྱང་རང་བཙན་གྱི་ལྟ་བ་མི་ཁུར་རྒྱུར་མིང་རྟགས་བརྒྱབ་པའི་ གནས་ཚུལ་འདིའི་སྦེལ་ཀོབ་མི་མང་ཧང་སང་བཅུག་འདུག་ལ། གནས་ཚུལ་དེའི་ཆོལ་ཁ་གཞན་གཉིས་ལ་ཡང་ཤུགས་རྐྱེན་ངན་པ་ཐེབ་རྒྱུ་ཡིན་པའི་སྐོར་ ཡང་གླེང་མཁན་མང་པོ་འདུག