རྩ་བཞི་སོགས་བསླབ་ཁྲིམས་ལྡན་པའི་སྤྱི་འཐུས་ཤ་སྟག་དགོས་ཟེར་ས་རེད།

བཙན་བྱོལ་བོད་མའི་སྤྱི་ཚོགས་ནང་རང་དབང་མང་གཙོའི་ཁེ་དབང་དང་བོད་པ་བཙན་བྱོལ་ བའི་གནས་བབ་ལ་འགན་འཁྲི་འཕྲག་ལེན་གྱི་སྔར་མེད་གསར་བྱུང་གི་རྣམ་པ་ལེགས་པོ་ ཞིག་ཏུ་མཐོང་ལ་དངོས་ཡོད་གནས་ཚུལ་གྱི་དེང་དུས་གསར་བྱུང་ཚན་རྩལ་ལོངས་སུ་ སྤྱོད་ཐུབ་པའི་དེང་རབས་སྤྱི་ཚོགས་ཀྱི་རྗེས་ཟིན་ཐུབ་པའི་རྣམ་པ་ཞིག་རེད། དེ་ བཞིན་ཚོགས་པ་བྱེ་བྲག་པ་དང་ཆོལ་ཁ་རེ་ཟུང་གིས་ད་ལྟ་ནས་བཀའ་ཁྲི་དང་སྤྱི་འཐུས་ འདེབས་ཕྱོགས་ལ་རང་རང་གི་བློ་གྲོས་དང་ནུས་པའི་འཇོན་ཚོད་ཀྱིས་འོས་མི་གསར་ འདོན་དང་ཚོད་ལྟའི་འོས་འཕེན་གྱི་ལས་འགུལ་སྤེལ་བ་སོགས་སྤྱི་སྒེར་གང་གི་ཁེ་ཕན་ ཡིན་མིན་ཁ་ཚོན་བཅད་དེ་བཤད་མི་ཐུབ་ཀྱང་། མདོར་ན་འཛམ་གླིང་སྤྱི་འགྲོས་ཅན་ཀྱི་རང་དབང་ལོངས་སྤྱོད་ཀྱི་ཐོབ་ཐང་ཡོད་པའི་ རྒྱལ་ཁབ་ཚོའི་སྤྱི་འབངས་ཇི་བཞིན་ཁེ་དབང་ཡོད་ཚད་ལ་མིག་ལྟ་བྱེད་བཞིན་མདུན་དུ་ སྐྱོད་བཞིན་པ་ནི་བཙན་བྱོལ་བོད་མི་ཚོར་སྔར་མེད་མིག་རྒྱང་རིང་བ་དང་གོ་རྟོགས་ ཟབ་ཏུ་ཕྱིན་པ་ཞིག་ཏུ་ངོས་འཛིན་བྱ་ཐུབ་ལ་བཟང་ཕྱོགས་ཀྱི་འགྱུར་བ་ལེགས་པོ་ཞིག་ རེད་སྙམ། འོན་ ཀྱང་།ཉིན་འགའ་ཤས་སྔོན་དབུས་གཙང་ཆོལ་ཁའི་དབུས་སྤྱི་ཁྱབ་རྒྱུན་ལས་ཀྱི་ངོས་ནས་ འོས་མི་གང་མང་ཞིག་བཏོན་འདུག་ལ་འོས་གཞིའམ་འོས་མི་སྒེར་སོ་སོའི་ཐད་ལ་བསམ་ཚུལ་ གང་ཡོད་འདིར་བཤད་པའི་ཐོབ་ཐང་ཡོད་མེད་མི་ཤེས་ལ་བཤད་དགོས་གལ་ཀྱང་མ་མཐོང་། སྤྱིར་ཆོལ་ཁོངས་རང་གི་ཤེས་འཇོན་མྱོང་གསུམ་ལྡན་པའི་མི་སྣ་ཡོད་པ་དག་ལ་ཆོལ་ ་ཁ་རང་གིས་སྔ་ས་ནས་བཏོན་ཐུབ་པ་འདི་ལ་གཞིགས་ན་སྔོན་ཐོན་དང་སྤྱི་དོན་ཚགས་ཚུད། མང་ཚོགས་ལ་གོ་རྟོགས་ཡོང་བ་སོགས་ལ་ཕན་པ་ངེས་ཅན་ཡོད་པ་ཞིག་རེད། འོས་ཆོས་ནང་ཆ་རྐྱེན་མི་གསལ་བ་ཞིག་གསར་སྣོན་མི་འདྲ་བ་ཞིག་བྱས་འདུག་པ་མ་ཟད་ ཡོངས་ཁྱབ་གསལ་བསྒྲགས་བྱས་པའི་གནད་དོན་གཉིས་ཡོད་པ་ནི་རང་གི་ཆོལ་ཁ་ལ་ཤ་ཚ་ཞེན་ ཁོག་དགོས་པ་དང་གཅིག དབུས་མའི་ལམ་ལ་ཤར་བསྐྱོད་དགོས་ཟེར་བ་དེ་གཉིས་རེད་འདུག དངོས་གནས་སྐད་ཆ་འདི་ཚོ་ཁུག་སྐྱོག་གི་ཚོགས་འདུའི་ཐོག་ཕྱོགས་ལྷུང་གི་སྐད་ཆ་ འདི་འདྲ་བཤད་སྲིད་ཀྱང་ཡོངས་ཁྱབ་གསལ་བསྒྲགས་བྱེད་ཐུབ་པའི་སྤོབས་པ་ལྡན་པ་དང་ ངོ་ཚ་ཙམ་མི་བྱེད་པ་འདི་ཚོ་ཧ་སང་དགོས་པ་ཞིག་རེད། རྒྱུ་ མཚན་ནི་དབུས་གཙང་དམ་པ་ཆོས་ཀྱི་ཆོལ་ཁ་ནི་བོད་གངས་ཅན་ལྗོངས་ཀྱི་ཆོས་སྲིད་རིག་ གཞུང་དང་བཅས་པའི་འབྱུང་གནས་དང་བསྟི་གནས་ཞེས་ལོ་རབས་ནས་ལོ་རབས་མི་རབས་ནས་མི་ རབས་པར་ཆོལ་ཁ་གསུམ་ཙམ་མ་ཟད་རི་བོ་ཧི་མ་ལ་ཡི་རྒྱབ་འདུན་གྱི་རྒྱལ་ཕྲན་ཆེ་ཆུང་ ཀུན་གྱིས་མིག་དཔེ་ལྟ་ས་དང་ལེགས་ཆ་ལེན་སའི་ཆོལ་ཁ་གལ་ཆེ་ཞིག་ཡིན་པ་དང་། དབུས་གཙང་ཆོལ་ཁའི་སྔོན་བྱོན་ཡབ་མེས་གོང་མ་ཚོས་ཀྱང་ཞེན་ཁོག་འཕྲག་དོགས་འཁོན་ འཛིན་ལོ་རྒྱུས་ཡོད་པ་དེ་འདྲ་མེད་ཙང་མདོ་ཁམས་མགོ་ནག་མི་ཡི་ཆོལ་ཁ་དང་མདོ་སྨད་ གྱི་ལང་རྟ་ཡི་ཆོལ་ཁ་གཉིས་དང་བོད་འབྲེལ་རྒྱལ་ཕྲན་གཞན་གྱིས་ཀྱང་གོང་དུ་བརྗོད་ པ་བཞིན་སྲིད་འབྱོར་རིག་གསུམ་གྱི་འབྱུང་གནས་དང་རྨད་བྱུང་ལེགས་བཤད་གསུང་རབ་ བསྟན་བཅོས་ཀུན་གྱི་མ་ཡུམ་ ལྟར་བརྩི་སྲོལ་ཡོད་ལ་མཆོག་དམན་སྐྱེ་བོ་ཡོངས་ཀྱིས་ ཡིད་མགུ་ཞིང་དང་བ་འདྲེན་པའི་ཆོལ་ཁ་ཞིག་ཡིན་པས་ཀྱང་ཡིན། རང་ ཉིད་ཀྱི་བསམ་བློའི་གོ་རྟོགས་སྐྱོ་དྲགས་པས་དབང་གིས་ཡིན་དང་དངོས་ཡོད་ང་ཚོ་ བོད་པའི་སྤྱི་ཚོགས་འདིར་འདི་དང་འདི་འདྲའི་སྐད་ཆའི་རིགས་འཕྲོད་པ་དང་ལག་ལེན་ དངོས་ཀྱི་ཐོག་ནས་དགོས་པ་ཞིན་ཡིན་ནམ། རང་ཉིད་ལ་མཚོན་ན་མདོ་ཁམས་ཆོལ་ཁའི་འབངས་མི་དཀྱུས་མ་ཞིག་ཡིན་པས་ཆོལ་ཁ་གཞན་ གྱི་ལས་དོན་གལ་ཆེ་སོགས་ལ་དཔྱད་གླེང་བྱེད་ཐུབ་པའི་ནུས་པ་དང་སྤོབས་པ་མེད་ཀྱང་ བོད་མི་གཙང་མའི་རྒྱུ་ལས་བྱུང་བའི་འབྲས་བུ་ཆུང་ཆུང་ཞིག་དང་རང་ཡུལ་རྒྱ་ལ་ཤོར་ བའི་སྐྱབས་བཅོལ་བོད་མི་ཉམ་ཆུང་ཞིག་གི་གནས་བབ་ཐོག་ཏུ་སྡོད་པ་གཅིག་མཚུངས་ཡིན་ ཙང་། དངོས་ཡོད་གནས་ཚུལ་དང་མི་མཐུན་པའི་སྒྲིག་འཛུགས་དང་ཆ་རྐྱེན་འདི་ཚོ་དགྲ་དགའ་ གཉེན་སྡུག་གི་བྱ་བ་ཞིག་ལས་བོད་མི་རིགས་ཀྱི་འཕྲལ་ཕུགས་རྒྱང་གསུམ་ལ་ཕན་པའི་ དངོས་དོན་ཞིག་ཡིན་པ་མ་མཐོང་བའི་དབང་གིས་འདི་ལྟར་བཤད་དགོས་བྱུང་། དུས་དང་སང་ཡིན་ནའང་གཞིས་ལུས་རྒྱ་ཆེས་མི་མང་གི་འཁྲོད་དུ་བསམ་གྲོས་ཤིག་གྱིས་ དང་། རྒྱ་དམར་པོའི་མེ་མདའི་ཁ་རུ་རྒྱག་གཅིག་མཆོང་གཅིག་གིས་ཤ་རུས་གདོང་བརྒྱུད་ གཅིག་པའི་བོད་མི་ཚོ་ང་ཚོར་དགོས་པ་ནི། ༸གོང་ས་སྐྱབས་མགོན་མཆེན་པོ་བོད་དུ་ཕེབས་དགོས་པ་དང་བོད་མིའི་ཡིག་ལ་བརྣག་པའི་ རང་དབང་རང་བཙན་་མྱུར་དུ་སྤྲོད་དགོས་ཞེས་པ་དང་ད་དུང་རྩམ་བཟན་བོད་པ་ཡོངས་ རྫོགས་ལོངས་ཤོག བོད་མིའི་སྐྱིད་སྡུག་མཉམ་མྱོང་ཡིན་ཞེས་པའི་འཕྲད་དར་ཁྱེར་ཏེ་རང་སྲོག་བློས་ བཏང་གིས་རྒྱ་དམར་དང་འཐབ་རྩོད་བྱེད་བཞིན་པ་དེ་ཚོར་དོན་སྙིང་དང་རྒྱུ་མཚན་གང་ ཡང་མེད་པ་ཨེ་ཡིན། ཕྱི་ལོ་ ༡༩༥༨ ཙམ་ནས་མདོ་ཁམས་ཆུ་སྒང་དཔའ་པོའི་ཚོགས་སྡེའི་ངོས་ནས་བོད་ཀྱི་བསྟན་པ་ཆབ་སྲིད་ ལ་སྲིད་ཞུ་སྒྲུབ་རྒྱུ་དང་བོད་ཀྱི་རང་དབང་རང་བཙན་ཆེད་རྒྱ་དམར་ལ་རྒོལ་འཛིང་ བྱ་རྒྱུ། རྗེས་སུ་༸གོང་ས་ཡིད་བཞིན་ནོར་བུ་ཉེན་གཡོལ་ལ་གདན་འདྲེན་བྱ་རྒྱུ་སོགས་གྲ་ སྒྲིག་ཚགས་ཚུད་བྱས་པ་མ་ཟད་རྒྱ་དམར་དང་རྒོལ་འཛིང་བྱས་ཀྱང་མང་སྣ་ཉུང་གིས་མ་ བརྟེན་པར་མཐར་བོད་མི་ཁྲི་ཕྲག་མང་པོ་རྐྱེན་ལམ་དུ་གྱུར་པ་དུས་ཚོས་རིང་པོ་ ཕྱིན་མེད་མོད། སྐབས་དེ་དུས་ཀྱི་དཔའ་མཛངས་ལྡན་པའི་བུ་རྒོད་རེ་ཟུང་ད་ལྟ་ཤུལ་དུ་ལུས་པ་དེ་དག་ གིས་རྒྱུད་འཛིན་ཕྱི་རབས་པ་ང་ཚོས་མ་འོངས་པར་གཞན་དབང་སྟབས་བསྟུན་མི་དགོས་པར་ བོད་རང་བཙན་དང་རང་དབང་ཁ་ལ་ལེན་མི་ཆོག་པའི་སྤྱི་ཚོགས་གསར་པ་ཞིག་ཡོང་བ་མཚན་ མོའོ་རྨི་ལམ་དུའང་ཡོང་ག་ལ་ཡོད། ཕྱིས་སུ་ལོ་རབས་ ༨༠ ནང་དང་ ལོ་རབས་ ༩༠ ནང་དེ་བཞིན་ ༢༠༠༨ སོ་སོའི་གཞིས་ལུས་ཁྲོད་ཀྱི་དཔའ་བོ་དཔའ་མོ་ཚོས་ཀྱང་བརྗོད་ཟིན་པ་ལྟར་ཁོང་ ཚོའི་སྣང་བའི་ཡུལ་ལ་བྱེ་བྲག་ཆོལ་ཁའི་ཞེན་ཁོག་ཁྱེར་མཁན་དང་རང་བཙན་ལྟ་བ་མི་ འཛིན་པའི་དམ་བཅའ་འཇོག་མཁན་གྱི་བོད་སྤྱི་བའི་འཐུས་མི་ཤ་སྟག་ཡོང་ཀྱི་ཡིན་པ་ དྲན་མ་མྱོང་བ་ཞིག་ཡིན་པ་ཁ་ཚོན་བཅད་དེ་བཤད་ཐུབ་པ་ཞིག་རེད། དོན་ དངོས་དེ་ཚོ་ཁོང་ཚོ་སྔ་ས་ནས་ཤེས་རྟོགས་ཡོད་ལ་ད་ལྟ་ཁོང་རྣམས་སྐུ་འཚོ་ཞིང་བདེ་ བར་བཞུགས་ཡོད་པ་རེད། སྙིང་རྗེ་ཁོང་ཚོས་ནོར་སོང་བ་རེད་དམ། གཅེས་པའི་སྲོག་དང་དགའ་བའི་གཉེན། བསགས་པའི་ནོར་དང་སྐྱིད་པའི་ཕ་ས་སོགས་སོགས་བློས་བཏང་བྱས་ཏེ་ཕྱིན་སོང་། ཡ་ང་དང་སྙིང་རྗེའི་ཡུལ་དུ་འཇོག་པ་ལས་བྱ་ཐབས་བྲལ་ང་ལ་ཡོད་པ་དང་ངས་ཤེས་པ་ནི་ མ་ཎི་ཡིན་བློ་སེམས་དཀར་པའི་ངང་མ་ཎི་རེ་འདོན། འདི་ཁོང་རྣམས་ལ་ཕུལ་བའི་རྗེས་མཆོད་བསྔོ་སྨོན་གྱི་ལེགས་སྐྱེས་ཙམ་ཡིན། ཨོ་མ་ཎི་པད་མེ་ཧཱུྂང་། ཨོ་མ་ཎི་པད་མེ་ཧཱུྂང་། ཨོ་མ་ཎི་པད་མེ་ཧཱུྂང་། གཞན་ཁྱེད་ཅག་གིས་བཏོན་དང་འདོན་བཞིན་པའི་བོད་རང་བཙན་གཙང་མ་ནི་མི་མངོན་ དབྱིངས་སུ་འཐུམ་ཉེ་འདུག་ལ་ཁྱོད་ཚོའི་ལུས་པོ་ཤི་ཡང་རྣམ་ཤེས་འཁོར་སའི་རེ་ འདོད་དང་པོ་སྟེ་རང་བཙན་གཙང་་མ་ནི་དགྲ་དམག་གི་མེ་མདའ་དང་རང་འབངས་་སྒྲིག་ ཁྲིམས་ཟུང་གིས་མ་དག་པའི་ཞིང་དུ་བཏང་དང་གཏོང་བཞིན་འདུག གོང་ དུ་བཤད་པར་འདོད་པའི་གནད་དོན་རེ་ཟུང་བྲིས་པ་རྣམས་རང་བཙན་གྱི་འབོད་སྒྲ་ བསྒྲགས་ཤིང་ཚེ་སྲོག་གི་འགྲོ་གྲོན་བཏང་ཟིན་པའི་དཔའ་རྒོད་དམ་པ་ཚོའི་ཕྱོགས་སུ་ ཁེར་རྐྱང་གླེང་མོལ་ཙམ་ཕུལ་བ་ཡིན་ཡང་དོན་དངོས་ཐོག་རང་གི་ཁ་ནས་བཤད་དེ་རང་གི་ རྣ་བས་ཉན་པ་ཞིག་ལས་སུ་དང་གང་ལ་འཁོན་རྩོད་དང་སྐྱོ་ངག་ཇི་ལྟར་འདོན་ཐུབ། དབུས་ གཙང་ཆོལ་ཁའི་མ་འོངས་པར་སྤྱི་འཐུས་སུ་འདེམས་པར་འགྱུར་བའི་འོས་གཞི་ ༢༠ ཐམ་པ་དྲགས་འདེམས་བྱས་འདུག་པ་འདི་ཚོ་ཚད་དང་ལྡན་ཞིང་ཚུལ་དང་མཐུན་པའི་འོས་ཆོས་ གཅིག་ཡོད་པ་ནི་རང་ཉིད་ཡོང་ཁུངས་ཆོལ་ཁ་དེར་ཤ་ཚས་སྐྱོང་ཞིང་ཞེན་ཁོག་མི་དམན་པ་ ཞིག་དགོས་པ་དང་དབུ་ལམ་དུ་གསོལ་བ་འདེབས་བཞིན་ཕྲེང་བ་བཟུང་སྟེ་ཤར་བསྐྱོད་ བྱེད་རྒྱུའི་དམ་འབུལ་གནང་ཟིན་པ་ཤ་སྟག་ཡིན་འདུག སྒྲིག་གཞི་དེ་ཚོ་འདི་ལོའི་སྤྱི་འཐུས་གསར་པ་ཚོར་ཆེད་དུ་བཞགས་པ་ཡིན་པ་ཐག་ཆོད་ རེད། གང་ལ་ཟེར་ལ་སྐབས་བཅུ་བཞི་པའི་གྲོས་ཚོགས་ཀྱི་ཚོགས་གཙོ་ཟུར་བ་ཀརྨ་ཆོས་འཕེལ་ལ་ མཚོན་ན་བོད་རང་བཙན་གྱི་ལྟ་གྲུབ་དང་ལངས་ཕྱོགས་བརྟན་པོ་ཡོད་པ་ཞིག་ཡིན་པ་མ་ཟད་ གྲོས་ཚོགས་ར་བའི་ནང་དུ་ང་ནི་བོད་རང་བཙན་གྱི་ལངས་ཕྱོགས་འཛིན་མཁན་གྱི་གཙོ་བོ་ ཞིག་ཡིན་ཞེས་སྐད་འགོ་མཐོ་པོའི་ཐོག་ནས་བཤད་ཀྱི་ཡོད་པ་ཀུན་གསལ་ཡིན་ཡང་། བཙན་བྱོལ་བོད་གཞུང་གི་གྲོས་ཚོགས་ནང་སླེབས་དུས་བཙན་བྱོལ་གཞུང་གི་ལངས་ཕྱོགས་ ཀྱི་རྒྱ་ལས་མི་རྒལ་བར་ལས་དོན་སྒྲུབ་ཀྱིན་ཡོད་ཅེས་དུས་ནས་དུས་སུ་བཤད་ཀྱི་ ཡོད་པ་ཟུར་ཉན་པ་ང་ལྟ་བུ་ཙམ་མ་ཟད་གཟུགས་མཐོང་གློག་འཕྲིན་དང་དྲ་ལམ་གསར་འགྱུར་ ཁག་ཏུ་ཐུགས་སྣང་ཡོད་མཁན་ཚང་མས་གོ་ཐོས་བྱུང་ཡོད་པ་རེད། དེ་དངོས་གནས་ཁོ་རང་གིས་བཤད་པ་དེ་བདེན་པ་རེད་བསམ་གྱི་ཡོད་ལ་བཙན་བྱོལ་བོད་ མིའི་བཅའ་ཁྲིམས་དོན་ཚན་ང་དགུ་པའི་འོག དམིགས་བསལ་ཚོགས་ཆེན་ཐེངས་དང་པོ་དེ་ཕྱི་ལོ་ ༢༠༠༨ ལོའི་ ཟླ་ ༡༡ ཚེས་ ༡༧ ནས་ ༢༢ བར་བསྡུ་བསྐོང་གནང་སྐབས་རྣམ་དཔྱོད་ལྡན་པའི་ཚོགས་ཞུགས་པ་ཚོའི་ཁྲོད་ནས་རང་ བཙན་དང་དབུ་མའི་ལམ་གཉིས་ཀྱི་ཐོག་རྒྱབ་སྐྱོར་བརྒྱ་ཆ་ ༦༠ ལྷག་གིས་དབུ་མའི་ལམ་ལ་རྒྱབ་སྐྱོར་གནང་ཡོད་པ་ཡིན་ཙང་དེ་ལ་འགྱུར་བ་གཏོང་མཁན་ སུ་ཞིག་སླེབས་ཀྱི་མ་རེད་ལ་འགྱུར་བ་གཏོང་དགོས་ཟེར་མཁན་ཡང་ཉུང་ཉུང་རེད། རང་གཞུང་གིས་བགྲོད་བཞིན་པའི་ལམ་དབུ་མ་འདི་གནས་སྐབས་འགྲིགས་བསྡད་ཡོད་པ་རེད། བཙན་བྱོལ་བོད་གཞུང་གི་ད་ལྟའི་བཅའ་ཁྲིམས་དང་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ ཀྱི་འཚོགས་འདུའི་འགྲོ་ལུགས་དང་གྲོས་ཚོགས་སྒྲིག་ཁྲིམས་སོགས་སུའང་རང་བཙན་ལྟ་ གྲུབ་ཀྱི་ལངས་ཕྱོགས་འཛིན་མཁན་དེ་འདྲ་བོད་མི་མང་སྤྱི་འཐུས་སུ་ཕེབས་མི་ཆོག་པ་ དེ་འདྲ་གསལ་ཁ་ཡོད་པ་མ་རེད། དེ་འདྲ་ཡིན་དུས་ད་ལྟའི་དབུས་གཙང་ཆོལ་ཁའི་དངོས་ནས་སྒྲིག་སྲོལ་གསར་པ་ཞིག་ བཏོད་པ་འདི་ཚད་ལྡན་ཞིག་གཏན་ནས་མིན་ལ་མདོ་སྟོད་སྨད་ཆོལ་ཁ་གཉིས་ཀྱི་ངོས་ནས་ འདི་ལྟ་བུའི་སྒྲིབ་ཁྲིམས་རེ་མི་བཟོ་བའི་ཐུགས་སྣང་འབོད་བསྐུལ་ཞིག་སེམས་གཏིང་ ནས་ཞུ་འདོད་བྱུང་སོང་། དབུས་གཙང་ཆོལ་ཁས་སྤྱི་འཐུས་ཀརྨ་ཆོས་འཕེལ་སྤྱི་འཐུས་རྐུབ་སྟེགས་ཐོག་ཏུ་གཏོང་ སྐབས་སྒྲིག་གཞི་འདི་འདྲ་ཞིག་ཡོད་ས་མ་རེད་དེ་ད་ལོ་སྒྲིག་གཞི་དེ་ཙམ་ཡིན་པ་ འདྲ། སྐབས་བཅུ་དྲུག་པའི་བོད་མི་མང་སྤྱི་འཐུས་འོས་བསྡུ་ཆེན་ མོའི་སྐབས་སུ་དབུས་མའི་ལམ་དུ་བསྐྱོད་པ་ཙམ་དུ་མ་ཟད། རྩ་བཞི་སོགས་བསླབ་ཁྲིམས་ལྡན་པའི་སྤྱི་འཐུས་ཤ་སྟག་དགོས་པའི་སྒྲིག་གཞི་གསར་པ་ ཞིག་ཡང་ཡོང་མི་སྲིད་པ་རེད་མི་འདུག དང་པོ་སྤྱི་འཐུས་འོས་མི་འཛུལ་ཞུགས་བྱེད་དགོས་ན་༼རང་བཙན་ལག་དེབ༽དེ་ཡང་༼དབུ་ མའི་ལམ་གྱི་ལག་དེབ༽ཀྱི་ངོ་བོར་བསྒྱུར་ཏེ་ཁུར་ཡོང་དགོས་ཞེས་པའི་སྒྲིག་གཞི་ དགོད་བྲོ་བ་དེ་འདྲ་ཡོང་ས་རེད། རྒྱུ་མཚན་རང་དབང་གཅེས་འཛིན་ལག་དེབ་བམ་རང་བཙན་ལག་དེབ་ཅེས་པའི་ཐ་སྙད་ཡོད་པས་ ན་དེ་ཁྱེར་མི་ཆོག་པའི་ཕྱིར་རོ། མང་གཙོ་ཡང་དག་ཡིན་ཟེར་བའི་བོད་པ་བཙན་བྱོལ་བའི་སྤྱི་ཚོགས་འདིར་དོན་དངོས་ཐོག་ ནས་བསམ་དཔྱོད་ཀྱི་རང་དབང་ཡང་དག་པ་ཞིག་༸་གོང་ས་མཆོག་གིས་ལོ་ངོ་ལྔ་བཅུའི་ སྔོན་ནས་གསོལ་བསྩལ་གནང་འདུག་ཀྱང་ད་ལྟ་རྒྱ་ཆེའི་མང་ཚོགས་ཀྱི་འཐུས་ཚབ་ཚོས་ ཀྱང་བོད་སྤྱི་བའི་འགན་འཁྲི་དང་རྩ་དོན་ཐོག་གང་འདོད་ཀྱི་ལྟ་བ་ལངས་ཕྱོགས་འཛིན་ མི་ཆོག་པའི་གནས་བབ་ལ་་སླེབས་འདུག བྱེ་བྲག་ཆོལ་ཁའི་ཞེན་ཁོག་ཟབ་པའི་བོད་སྤྱི་བའི་མི་སྣ་གལ་ཆེན་ནམ་སྤྱི་མི་ལྷག་ བསམ་ཅན་དགོས་ཟེར་བ་དེ་གོ་མ་ཐག་ནས་ཧ་ལམ་ར་བཟི་བ་ཞིག་གི་བཤད་པའི་མགོ་འཐོམ་ བྱེད་ཀྱི་སྐད་ཆ་ཙམ་ལ་ངོས་འཛིན་བྱེད་པ་མ་གཏོགས་གོ་བ་གཞན་ཞིག་ག་ལ་ཡོད། སྤྱི་དོན་ཧུར་གྱིས་བསྒྲུབ་ན་རང་དོན་ཞོར་དུ་འགྲུབ་ཡོང་ཟེར་བའི་བོད་མི་རྒན་ པོའི་ལེགས་བཤད་དེ་ཚོ་ལག་ལེན་ལྟར་ན་ང་ཚོ་ཆོལ་ཁར་ཞེན་ཁོག་དགོས་ཞེས་ཡོངས་ཁྱབ་ གསལ་བསྒྲགས་བྱེད་མི་དགོས་པ་དང་གོང་གསལ་གྱི་ཆ་རྐྱེན་དེ་གཉིས་འདོན་མི་དགོས་ པའི་བཟོ་འདྲ་བོ་ཡོད་རེད། དངོས་ཡོད་གནས་ཚུལ་ཐོག་ནས་ཀྱང་སྤྱི་མཐུན་བྱ་དངོས་ལེགས་པོ་ཞིག་སྒྲུབ་ཐུབ་ཀྱི་ ཡོད་པ་ཀུན་གསལ་ཡིན་ལ་དེ་གཞིས་བྱེས་གངས་ཅན་པ་སུ་ཞིག་ཡིན་ཡང་སེམས་གཏིང་གིས་ རྒྱབ་སྐྱོར་བྱེད་ངེས་ཡིན་པ་དང་ཁོང་ཚོའི་སྤྱི་དོན་ལེགས་འགྲུབ་ཡོང་བ་སྨོས་མ་ དགོས་པ་ཞིག་རེད་སྙམ། སེར་ཤུལ་དཀོན་མཆོག་གིས། ཕྱི་ལོ་ ༢༠༡༠ ཟླ་ ༧ ཚེས་ ༤ ཉིན་དྷ་ས་ནས་བྲིས།