བོད་རྒྱ་དབྱིན་གསུམ་གྱི་མིང་མཛོད་གསར་པ་འདི་ཉོ་དགོས་པ་གལ་ཆེ།
མིང་མཛོད་གསར་པ་འདི་ནི་ལོ་ངོ་གསུམ་ལྷག་རིང་བོད་མདོ་ཁམས་གསེར་རྟ་ལྔ་རིག་ནང་བསྟན་སློབ་གླིང་གི་མཁས་དབང་མཁན་ཆེན་ཚུལ་ཁྲིམས་བློ་གྲོས་མཆོག་གིས་དེང་གི་ཆར་འཛམ་གླིང་འདིའི་སྒང་དུ་ཚན་རྩལ་ཡར་རྒྱས་ཤུགས་ཆེ་སོང་བའི་དབང་གིས་གསར་བྱུང་དངོས་རྫས་ཀྱི་ཐ་སྙད་གསར་བ་མང་བ་དང་བོད་མི་རིགས་ལ་མཚོན་ན་བཙན་པོས་དྲག་གནོན་གྱིས་ཉམ་ཆུང་དམར་གསོད་བཏང་བ་དང་ཤུལ་ལྷག་བོད་མི་ཁ་བྲལ་བཏང་བས་དབང་གིས་ཡུལ་ལུང་གཞན་དུ་བྲོས་བྱོལ་བྱེད་དགོས་བྱུང་བ་སོགས་ལོ་རྒྱུས་རང་བཞིན་ལྡན་པའི་གྱོང་གོད་ཟམ་མི་ཆད་པ་ཞིག་བྱུང་སྟེ་བོད་གངས་ཅན་པའི་ཆོས་འབྱོར་རིག་གསུམ་སོགས་སྣུམ་ཟད་མར་མེ་ལྟར་ཆགས་འདུག་པ་དང་། དེ་འཛིན་ཤུལ་ལུས་བོད་མི་ཡོད་ཚད་ཀྱིས་ཀྱང་གཞན་སྐད་ལ་སྤྲོ་བ་མེད་རུང་གཞན་དབང་སྐབས་བསྟུན་གྱི་དབང་བཙན་ལྕི་བོའི་འོག་ཏུ་བགྲོད་དགོས་བྱུང་བ་དང་མི་རིགས་རང་གིས་ཀྱང་སོ་སོ་གནས་ཡུལ་འཛམ་གླིང་གི་རྒྱལ་ཁབ་བྱེ་བྲག་པའི་ཡུལ་སྐད་དང་དབྱིན་སྐད་དང་རྒྱ་ཡིག་ལྟ་བུ་ཤུགས་རྐྱེན་ལྡན་པའི་སྐད་རིགས་དག་ལ་སྦྱངས་ཤིང་གོམས་འདྲེས་སུ་ཕྱིན་ཟིན་པས་ན། གོང་བརྗོད་ཚན་རྩལ་ལས་བྱུང་བའི་ཐ་སྙད་གསར་པ་དེ་དག་རང་སྐད་ངོ་མའི་ཐོག་ནས་བཤད་ཐུབ་པ་དང་ཤེས་མཁན་ཧ་ཅང་ཉུང་བ་མ་ཟད་རྒྱུན་སྤྱོད་སྐད་ཆ་ཙམ་བཤད་མི་ཐུབ་པར་གཞན་སྐད་ཁོ་ནའི་གསེབ་ཏུ་འཐུམ་བཞིན་ཡོད་པ་སོགས་མདོར་ན་བོད་མིའི་སྲོག་རྩ་དང་འབྲེལ་བའི་སྐད་ཡིག་འདི་བརླག་ལ་ཉེ་བ་འདི་ཟབ་གཟིགས་གནངས་ཏེ་ཐུགས་ཀྱིས་མ་བཟོད་པར། མ་འོངས་པའི་བོད་ཕྲུག་གཞོན་ནུ་ཚོས་རང་སྐད་དང་རང་གི་ཡི་གེ་མི་ཤེས་པའི་ཉེས་ཁ་དུ་མ་གཟིགས་ཏེ་ང་ཚོའི་མི་རབས་འདིའི་རིང་དུ་གསར་བྱུང་མིང་ཚིག་ཁྲི་སྟོང་དུ་མ་ལྡན་པའི་མིང་མཛོད་མི་འདྲ་བ་གཉིས་གཅིག་རྗེས་གཉིས་མཐུད་བྱས་ཏེ་འགྲེམས་སྤེལ་གནང་ཡོད་པ་རེད། མིང་མཛོད་འདི་གཉིས་ལ་མཚོན་ན་ཀུན་གྱིས་མཁྱེན་གསལ་ལྟར་རང་དབང་བག་ཕེབས་ངང་རང་འདོད་ལྟར་བསྒྲགས་པ་ཞིག་གཏན་ནས་མི་པར་བོད་མདོ་དབུས་ཁམས་གསུམ་ཀྱི་ས་ཁྱོན་ཡོངས་ནས་དབྱིན་བོད་རྒྱ་གསུམ་ལ་མཁས་པ་དང་། མི་རིགས་རང་ལ་དུང་བ་ཟབ་ཅིང་ཕྱི་ནང་རིག་གནས་ལ་རྒྱུས་མངའ་ལྡན་པའི་རང་རིགས་ཤེས་ལྡན་པ་གང་མང་ཞིག་ལྷན་དུ་བསྡུས་ཏེ་མངོན་ལྐོག་གང་དྲགས་ཀྱིས་ཚོགས་འདུ་འཚོགས་པ་དང་ཐ་སྙད་གསར་བཟོའི་སྐོར་ལས་འཕྲོས་ཏེ་བགྲོ་གླེང་དཔྱད་བསྡུར་གང་མང་བྱས་མཐར་ཁོང་གིས་གཙོ་མགན་གཙོ་སྒྲིག་པའི་ཐུག་མགན་བཞེས་ཏེ་ད་ལྟ་པར་འགྲེམས་ཐེངས་དང་པོ་དེ་ཕ་ཡུལ་བོད་ནས་གནངས་ཟིན་པ་མ་ཟད་ཆོལ་གསུམ་རྒྱ་ཆེའི་དམངས་ཁྲོད་ནས་ཆེས་དགའ་བསུ་དང་བསྟོད་བསྔགས་ཐོབ་བཞིན་ཡོད་པ་རེད། མིང་མཛོད་འདིའི་གཙོ་སྒྲིག་རྩོམ་སྒྲིག་པ་སོགས་ཀྱིས་ཚུལ་མཐུན་དགོངས་བཞེད་དང་འབྲེལ་འདི་ག་རྒྱ་གར་དྷ་རམ་ས་ནས་ཀྱང་ཁ་བ་དཀར་པོ་བོད་ཀྱི་རིག་གཞུང་སྲི་ཞུ་ཁང་དང་བོད་ཀྱི་བང་ཆེན་གསར་ཁང་གི་མཚན་ཐོག་ནས་འགན་འཛིན་སྐུ་ཞབས་གསེར་རྟ་ཚུལ་ཁྲིམས་ཀྱི་ཐུགས་ཁུར་ཆེ་བཞེས་ཀྱིས་བཙན་བྱོལ་བོད་མིའི་སྤྱི་ཚོགས་ཁྲོད་དུའང་པར་ཐེངས་གཉིས་པ་པར་འགྲེམས་ཐུབ་འདུག་པ་འདི་ནི་དགའ་འོས་པའི་སྤྱི་དོན་གལ་ཆེ་ཞིག་ཡིན་ལ་མ་འོངས་པར་བཙན་བྱོལ་ནང་གི་གསར་ལམ་དང་། དྲ་གནས་རླུང་འཕྲིན་སོགས་རྒྱུད་ལམ་སོ་སོའི་འགན་འཛིན་མི་སྣ་དག་གི་གཙོ་འགན་བཟུང་ཐོག་རང་གཞུང་ཤེས་རིག་ཐ་སྙད་གསར་བཟོའི་སྡེ་ཚན་གཉིས་ཟུང་འབྲེལ་བྱས་ཏེ་བརྒྱུད་བསྒྲགས་དང་མང་ཚོགས་ལ་ཤེས་སུ་འཇུག་པ་སློབ་ཚན་སོགས་ནང་འཇུག་བྱ་རྒྱུ་སོགས་ལག་ལེན་དངོས་ཀྱི་ཐོག་ཏུ་འགྲོ་རྒྱུ་ཡིན་པའི་རེ་བ་ཞིག་ཡོད་པ་རེད་འདུག དེའི་ཕྱིར་ད་ལྟའི་ཆར་མིང་མཛོད་འདི་ལ་མི་གསལ་བའི་ཐ་སྙད་དང་ཅ་དངོས་གསར་པའི་མིང་ད་དུང་ཡོད་ཀྱང་གལ་ཆེ་རང་བཞིན་ལྡན་པའི་གསར་བྱུང་དངོས་པོ་སོགས་ཀྱི་མིང་ཚིག་གྲངས་ཁྲི་ཕྲག་ལྷག་ཅིག་འདིར་གསལ་འདུག་པས་ང་ཚོ་སྤྱི་ཚོགས་ཀྱི་རང་སྐད་མི་ཉམས་པར་ཁ་ཚ་དགོས་གཏུགས་ཀྱི་ཕན་པ་རླབས་ཆེ་ཡོད་ལ་སྨོས་མི་དགོས་པ་ཞིག་རེད། མིང་མཛོད་འདི་ལ་མིང་མཛོད་དང་ཚིག་མཛོད་གཞན་ལ་མེད་པའི་ཁྱད་ཆོས་ལེགས་པོ་ཞིག་ཡོད་པ་ནི་བོད་རྒྱ་དབྱིན་གསུམ་གང་གི་ཐོག་ནས་མིང་ཚིག་ཅིག་གི་དོན་དག་བཙལ་དགོས་ན་ཡིག་རིགས་དེའི་གསལ་བྱེད་ཀ་མད་ཀྱི་བང་རིམ་ལྟར་བསྒྲིགས་འདུག་པས་བཙལ་བདེ་བའི་ཁྱད་ཆོས་སྟབས་བདེ་ཞིག་འདུག མིང་མཛོད་འདི་ཉོ་དགོས་ན་རིན་གོང་ཧིན་སྒོར་སུམ་བརྒྱ་མན་ཆོད་རེད་འདུག་པ་དང་རྒྱུ་སྤུས་ལེགས་ཤིང་དེབ་གཟུགས་མཛེས་པ་སོགས་ཀྱི་ཁྱད་ཆོད་ཡོད་པ་རེད། སྤྱི་དོན་ལ་ཞེན་པ་དཀར་པའི་མཁྱེན་རྒྱ་ཡངས་པའི་རྒྱལ་ཁབ་ཕྱི་ནང་གི་བོད་རིགས་ཚོགས་སྡེ་ཁག་དང་། སློབ་གྲྭ དཔེ་མཛོད། གསར་ཁང་། ཡིག་ཚང་། གཞུང་ལས་ཁང་སོགས་ཀྱིས་ངོས་གནས་ངེས་པར་དུ་དྷ་ས་བོད་ཀྱི་བང་ཆེན་གསར་ཁང་དུ་འབྲེལ་བ་ཞུས་ཏེ་མངགས་ཉོ་གནང་བ་མ་ཟད་འབྲེལ་ཡོད་ཉེ་འཁོར་གྱི་མང་ཚོགས་ལ་བོད་སྐད་གཙང་མའི་ཐོག་ནས་གསར་བྱུང་མིང་ཚིག་རྣམས་ཤེས་སུ་འཇུག་པ་ནི་མི་རབས་འདིའི་འཕྲག་ཏུ་བབ་པའི་ལས་འགན་ཡང་དག་པ་ཞིག་ཏུ་མཐོང་ལ་འགྲན་བྲལ་གྱི་ཞབས་འདེགས་བཟང་པོ་ཞིག་དང་གངས་ཅན་བོད་མི་ཡོད་ཏོ་ཅོག་གིས་དུས་རབས་གསར་པའི་ངོ་མཚར་བའི་ཚན་རྩལ་རང་བཞིན་ཅན་ཀྱི་སྤྱི་ཚོགས་ནང་དཔུང་བ་གཤིབ་ནས་མཉམ་བསྐྱོད་ཐུབ་པའི་དགེ་མཚན་ཞིག་འཆར་ཐུབ་ཀྱི་རེད་སྙམ། སེར་ཤུལ་དཀོན་མཆོག་གིས། སྤྱི་ལོ ༢༠༡༠ ཟླ་ ༧ ཚེས་ ༥ ཉིན་དྷ་ས་ནས་སྤེལ།།