སྐབས་གསུམ་བའི་བཀའ་བློན་ཁྲི་བ་གླེང་བའི་སྔོན་འགྲོའི་གཏམ།

 དེ་ཡང་གནམ་འོག་ཏུ་བོད་ཀྱི་སྲིད་པ་ཆགས་ནས། ད་ལྟའི་བར་གཅིག་སྡུད་དབང་ཤུགས་རིང་ལུགས་ལས་ཡོངས་སུ་བརྒལ་ཏེ། མང་མོས་འོས་བསྡུའི་ལམ་ནས་བོད་ཀྱི་སྲིད་བློན་མི་སྣ་སྐོ་བ་ནི། ད་རེས་ཐེངས་གསུམ་པ་དེ་ཆགས་ཀྱིན་ཡོད། དེ་ནི་མི་ལོ་ལྔ་བཅུ་ང་གཅིག་རིང་བོད་མི་འགའ་ས་མཐར་འཁྱམ་པའི་གྲུབ་འབྲས་ཆེ་ཤོས་ཤིག་ཡིན་ལ། བོད་ཀྱི་ལོ་རྒྱུས་ནང་བྱུང་མྱོང་མེད་པའི་མདུན་བསྐྱོད་དང་། གསར་བཏོད་ཆེ་ཤོས་ཤིག་ཡིན་ལབ་ནའང་རུང་བ་ཞིག་རེད།

 དེ་ཡང་ང་ཚོའི་མང་གཙོ་ནི་ལུང་བ་གཞན་ལྟར་འཐབ་རྩོད་དང་དཔུང་ཤེད་ཀྱི་ལམ་ནས་འཐོབ་སོང་བ་མིན་པ།  འཇིག་རྟེན་ཞི་བདེ་ལ་སྦྱོར་བའི་དེད་དཔོན་ཞིག་གིས། དུས་རབས་ཀྱི་འགྲོས་དང། གདུལ་བྱའི་བསོད་ནམས་ལ་དགོངས་ཏེ། དགྱེས་ཤིང་འཛུམ་པའི་ངང་གནང་བའི་ས་སྟེང་གི་མིག་དཔེར་བཟང་པོ་ཞིག་རེད།

 འོན་ཀྱང་མང་གཙོའི་ཁེ་དབང་ལོངས་སྤྱོད་མྱངས་མེད་པ་དང། ཆབ་སྲིད་ལ་དོ་སྣང་ཆུང་བ། སྲིད་དོན་ཚོགས་པས་དྲིལ་བསྒྲགས་སོགས་ཀྱིས་བསྐུལ་མ་རྒྱག་མཁན་མེད་སྟབས། བོད་མི་ཚོས་སྐབས་དང་པོ་གཉིས་ཀྱི་འོས་འཕེན་ཐད་རིམ་པས་ཉམས་ཆག་ཆེན་པོ་བཏང་ཡོད།

 དེ་ཡང་ཕྱི་ལོ་༢༠༠༡ གི་ལོར། སྐབས་དང་པོའི་བཀའ་ཁྲིའི་འོས་བསྡུའི་དེབ་སྐྱེལ་བྱེད་མཁན། ༨༢༦༢༠། བྱུང་ཡོད་ཀྱང་། འོས་འཕེན་མཁན ༤༣༣༠༢། ལས་བྱུང་མེད། དེ་བཞིན་ཕྱི་ལོ་ ༢༠༠༦ གི་ལོར། དེབ་སྐྱེལ་བྱེད་མཁན། ༧༢༠༠༠། བྱུང་ཡོད་ཀྱང་། འོས་འཕེན་མཁན། ༣༢༢༠༥། ལས་བྱུང་མེད།

 དེ་ལྟར་ང་ཚོའི་མཐུས་ཤོར་དང་། ལོ་རྒྱུས་ཀྱི་གོད་ཆག་དེ་དག་ལས་བསླབ་བྱ་བླངས་ཏེ། ད་ཐེངས་ཀྱི་འོས་ཤོག་དེ་ཁོར་ཡུག་དང་། ཚད་གཞི་ལོང་བའི་བོད་མི་ཚང་མས་ཆ་ཤས་ལེན་ཐུབ་རྒྱུའི་ཐབས་ཇུས་སྤེལ་བ་ནི་གལ་གནད་ཆེན་པོ་ཞིག་ལོས་ཡིན།

 འོན་ཀྱང་མང་ཚོགས་ཀྱི་ངོས་ནས་འོས་ཤོག་འཕེན་རྒྱུའི་ཆ་ཤས་བླངས་ཀྱང། རང་ཚུགས་དང་ཆ་རྒྱུས་མེད་པ། རི་བོང་རྐྱལ་འགྲོགས་དང། མི་ངོ་གཡམ་རྒྱུག་གི་ལམ་ཁར་སོང་ན། ཕན་ལས་གནོད་སྲིད་པར་བརྟེན། ཐོག་མ་སུ་ཞིག་བཀའ་ཁྲི་འོས་མིན་གྱི་དགེ་ཕན་གླེང་བ་དང། གང་ཟག་དེ་དག་མང་ཚོགས་ལ་ངོ་སྤྲོད་གསལ་པོ་བྱ་རྒྱུ་ནི་ཧ་ཅང་གལ་ཆེན་ཡིན། མང་ཚོགས་ཀྱིས་ཀྱང་ཡང་དག་པའི་འགན་ཁུར་རང་བཞིན་ལྡན་པའི་ཆ་ཤས་བླངས་ནས། ཕུལ་བྱུང་གི་བཀའ་ཁྲི་ཞིག་གདམ་རྒྱུ་ནི་མ་འོངས་བོད་ཀྱི་རྩ་དོན་ལ་འགན་ཁུར་བྱས་པ་ཞིག་རེད་སྙམ།

 དེ་བཞིན་སྐྱེས་བུ་སུ་ཞིག་མགོ་ནག་བོད་ཀྱི་དབང་ཤུགས་མཐོ་བའི་ཁྲི་ཁར་སླེབས་ན། དེས་ཀྱང་མི་རིགས་དང་རྒྱལ་ཁབ་ཀྱི་འཐབ་རྩོད་ཐད་སྲིད་དོན་རིག་པའི་འཕྲུལ་འཁོར་དང་། མནའ་དེང་ཟུང་དུ་རྡེབ་ཀྱིན་ཆོས་རིག་འཛིན་སྐྱོང་དང་ཤེས་བྱ་ནང་འདྲེན། མ་ཟད་མང་ཚོགས་ཀྱི་འཕྲལ་ཕུགས་འཚོ་བའི་ཐད་ནས་བཟུང་སྟེ། འགན་ཁུར་དང་། ནུས་ཤུགས་བསྒྲིམས་ནས་ཇི་ལྟར་ལག་ལེན་དགོས་མིན་སོགས་ནི་དོན་པོ་ཆེར་སོང་བར་བརྟེན། དེ་རིང་༼སྐབས་གསུམ་པའི་བཀའ་བློན་ཁྲི་བ་གླེང་བ་༽ཞེས་པའི་བགྲོ་གླེང་གི་འདི་གོ་སྒྲིག་ཞུས་ཡོད་པས།

ཚང་མས་ཁུངས་ལུང་འཕེལ་བ་དང་། རྒྱུ་མཚན་ལྡན་པའི་བགྲོ་གླེང་ལ་ཞུགས་རོགས་ཞེས་ཐོག་མའི་ངོ་སྤྲོད་དང་རེ་བ་ཞུ་རྒྱུ་ཡིན།