མཐོ་སྒང་གི་མེ་ཏོག

རེ་སྒུག་གི་སྲུབས་ཀ་ན་འཁྱུད་དེ

བགྲང་བྱ་ཞིག་དལ་གྱིས་འཁོར་བའི་དེ་རིང

དཔྱིད་དཔལ་བཞད་སོང

མཐོ་སྒང་གི་མེ་ཏོག་ལགས

ཁྱེད་གང་ཞིག་ནས་འཛུམ་ཁ་གྲོལ་ཡོང

གང་ཞིག་ནས་་་་་་་་་་་་་་་

སྔར་ལོའི་དེ་རིང

འཇའ་ཐག་གི་རི་མོ་བར་སྣང་དུ་འཐེན

ཕྱི་བཤོལ་མེད་པའི་ངོ་མཚར་གྱི་འདབ་མ

ལྷ་ཡུལ་དུ་འཕོས་པའི་ཤུལ་དུ

ཁེར་ཆད་ཀྱིས་སུན་པའི་རྐང་དྲུག་ཁྱུ

ཇི་ཙམ་འདི་ལྟར་སྡོད་དགོས་སམ

དཔྱིད་དཔལ་བཞད་སོང

མཐོ་སྒང་གི་མེ་ཏོག་ལགས

ཁྱེད་ནམ་ཞིག་ཏུ་ལྷང་ངེར་བལྟམ་ཡོང

ནམ་ཞིག་ཏུ་་་་་་་་་་་་་་

༢༽

མི་ལོ་ལྔ་བཅུའི་སྔོན

མཐོ་སྒང་ན་བུ་ཡུག་དྲག་ཏུ་འཚུབ

རིམ་པ་དགུ་བརྩེགས་ཀྱི་འཁྱགས་རོམ་འོག

བགྲང་བྱ་ཉེར་གསུམ་ལ་འཇིག་མ་ནུས་པའི་ཁ་བའི་མེ་ཏོག

སུ་ཞིག་གི་ཆེད་དུ་་་་་་་་ཚེ་སྲོག་གི་འདབ་མ་རིང་དུ་བརྐྱངས

མཐོ་སྒང་གི་མེ་ཏོག་ལགས

སུ་ཞིག་གི་ཆེད་དུ་་་་་་་་་་་་་་་་་་་་་་་

ངར་ལྕགས་དང་འཁྱགས་རོམ་གསེང་ནས

སྐྱ་རེངས་མེ་སྟག་ཙམ་ཤར་བའི་ཕྱི་ཉིན་ནས

ཉམས་ཤིང་རྒུད་པའི་འདབ་མ

ཧི་མ་ལ་ཡའི་ལ་ལུང་དུ་དཀའ་བ་སྤྱད་དེ

ཅི་ཞིག་གི་དོན་དུ་་་་་་་་ལྷོད་མེད་ཀྱི་ཨམ་གཙིགས་དམ་པོ་ཞིག

མཐོ་སྒང་གི་མེ་ཏོག་ལགས

ཅི་ཞིག་གི་དོན་དུ་་་་་་་་་་་་་་་་་་་་་་་་་་་་་་

༣༽

མཇལ་དར་ཞིག་རུམ་ཁ་ནས་བཏོན

བདེ་དྲོད་ཅིག་སེམས་ཁོང་དུ་འབར

སྙིང་སྟོབས་གསོན་པོ་ཞིག

མཐོང་ཡུལ་དུ་བསྐྲུན་ཏེ

ཟུངས་ཁྲག་དང་རྔུལ་ཆུའི་ནམ་ཟླ

སླར་ཡང་མི་ལོ་ཉེར་ལྔའི་ཐེམ་པ་རེ་རེ་ནས་བརྒལ་སོང

མཐོ་སྒང་གི་མེ་ཏོག་ལགས

ཁྱེད་ལ་འདི་ལྟ་བུའི་སྙིང་ཁམས་ཤིག་སུ་ཡིས་བསྩལ

སུ་ཡིས་་་་་་་་་་་་་་་་

ལོ་འདབ་ཀྱི་མཛེས་སྡུག་ངོམ

དྲི་བཅུད་ཀྱིས་དགའ་ཚལ་རྒྱས

བདག་ཉིད་བརྗེད་སོང་བའི་གླེན་པ

རང་ལུས་ཀྱི་རྩི་བཅུད་ཕངས་མེད་དུ་སྟེར་བས

གསར་སྐྱེས་ཀྱི་གཡུ་སྦྲང་བརྒྱ་ཕྲག་ལ་རྩལ་དྲུག་རྒྱས་ཏེ

དེ་རིང་ཤར་ནུབ་ཀྱི་བར་སྣང་ན་འཕུར་ལྡིང་གི་གཤོག་དབྱངས་སྙན་སོང

མཐོ་སྒང་གི་མེ་ཏོག་ལགས

ཁྱེད་ཀྱིས་ཅིའི་ཕྱིར་རང་ཉིད་བསམས་མ་ཕོད

ཅིའི་ཕྱིར་་་་་་་་་་་་་་་་་་་་་

༤༽

མཐོ་སྒང་གི་མེ་ཏོག་ལགས

ཁ་བའི་རི་ལུང་དུ་ཁྱེད་ཉིད་བལྟམས་པ་ནས

ལོ་ཟླའི་ཁུར་གྱིས་འདབ་ལོ་བསྲེགས་པའི་ཁ་སང་བར

ཁྱེད་ལ

རྟོགས་དཀའ་བའི་ལོ་རྒྱུས་ཟབ་མོ

བརྗེད་མི་ཐུབ་པའི་རླབས་ཆེན་གྱི་མཛད་བཟང

ལྟ་བས་མི་ངོམས་པའི་ཡིད་འོང་གི་མཛེས་རིས

ཅི་འདྲ་མང་པོ་ཞིག་ཡོད་པ་རེད་ཨང

ཕྱི་འདང་ཞིག་གི་མཁའ་ན

ཡོད་ཚད་མཛེས་སྡུག་ཏུ་གྲུབ་པའི་མེ་ཏོག་ལགས

ཁྱེད་་་་བདག་གི་སྙན་ངག་གི་བླ་སྲོག་ཡིན

མཐོ་སྒང་གི་མེ་ཏོག་ལགས

ཅིའི་ཕྱིར་རང་ཉིད་བསམས་མ་ཕོད་པ་རྟོགས་པ་ནས

ས་སྒང་དུ་བཞག་པའི་ཁྱེད་ཀྱི་གྲིབ་གཟུགས་དང་ཞབས་རྗེས

རི་ལུང་དུ་ཐོར་བའི་ཁྱེད་ཀྱི་ཟུངས་ཁྲག་དང་རྔུལ་ཐིགས

བྲང་ཁོག་ཏུ་བསྒོམས་པའི་ཁྱེད་ཀྱི་བཟོད་སྲན་དང་དྲན་འཆར

རེ་རེ་ནས་རེ་རེར

རྐང་ཁྲག་འཐོར་ཡང

ཚེ་སྲོག་འགག་ཀྱང

ནམ་ཡང་བཙལ་ན་འདོད་་་་་གཏན་ནས་གཏན་དུ

རླབས་ཆེན་གྱི་མེ་ཏོག་ལགས

ཁྱེད་་་་་བདག་གི་སེམས་ཁོང་གི་ཉི་མ་ཡིན

༥༽

མཐོ་སྒང་གི་མེ་ཏོག་ལགས

ཁྱེད་ཀྱི་རླབས་ཆེན་གྱི་ཞབས་རྗེས་རེ་རེར

བསྟན་པ་ཞིག་གི་དར་རྒུད་འདུས་ལ

ཁྱེད་ཀྱི་རྔུལ་ནག་གི་ཐིགས་ཕྲེང་རེ་རེར

སྐྱེད་ཚལ་ཞིག་གི་ལས་དབང་ནི

དེ་བས་ཀྱང་་་་་་་་་་་་་་་་་་་་་་་་

མཐོ་སྒང་གི་མེ་ཏོག་ལགས

ཁྱེད་ཀྱི་ཟུངས་ཁྲག་གི་ཟེགས་མ་རེ་རེར

འགྲོ་བ་ཀུན་གྱི་བདེ་སྡུག་གི་རྣམ་ཤེས་འཁྲི་ཡོད་ལ

ཁྱེད་ཀྱི་ཡིད་ཀོང་གི་ཚོར་འདུ་རེ་རེར

སྒང་པ་བོད་ཀྱི་མ་འོངས་པ་ཡོད་ཚད་ནི

དེ་བས་ཀྱང་་་་་་་་་་་་་་་་་་་་་་་་་་