“དམངས”་གཙོ་དང་“སྒེར”་གཙོ།

 

འཛམ་གླིང་གི་ལོ་རྒྱུས་ལ་མིག་བཤེར་བྱས་པ་ཙམ་གྱིས་ཤེས་ཐུབ་པ་ཞིག་ནི། སྤྱི་ཚོགས་བྱེ་བྲག་པ་ཞིག་གི་ནང་དུ་བསམ་པ་དང་སྤྱོད་པ་ལ་མཚོན་གྱི་དྲག་ག

ནོན་དང་བསམ་བློ

་ཡི་བཙན་གནོན་འོག་ལ་དངོས་ཤུགས་བརྒྱུད་གསུམ་དུ་ཚུད་ཡོད་ན། ཀི་ཀི་དང་བསོ་བསོའི་འབོད་སྒྲའི་འོག་ནས་གང་ཟག་བྱེ་བྲག་པ་ཞིག་ལྷ་ཀླུ་བསོ་བསོ་བའི་

ཆོས་འདི་འདྲ་ཞིག་དར་གྱི་ཡོད་པ་སྣང་།

རིག་གནས་གསར་བརྗེ་སྐབས་ཀྱི་ལྷ་སུ་ཡིན་མིན་བོད་མི་རྣམས་ལ་ངོ་སྤྲོད་མི་དགོས་པ་དང་། དེའི་འཁོར་ཡུག་ཇི་འདྲ་ཞིག་ཡོད་པ་དེ་བས་ཀྱང་མཚམས་སྦྱོར་མི་དགོས་པ་རེད།

གོ་ནོར་མི་ཐེབས་པའི་ཆེད་དུ་མཚམས་སྦྱོར་ཞིག་དགོས་པ་ནི། ང་རང་གིས་༸གོང་ས་མཆོག་ནི་བོད་ཀྱི་ཆོས་སྲིད་གཉིས་ཀྱི་བླ་མ་མེད་པའི་དབུ་ཁྲིད་ཅིག་ཏུ་རྩིས་ནས་དད་གུས་ཞུ་བཞིན་ཡོད། དེ་ནི་ང་རང་གང་ཟག་སྒེར་བ་གཅིག་གི་བསམ་བློ་རེད་ལ། ༸གོང་ས་མཆོག་གི་བཀའ་དགོངས་ཇི་བཞིན་བསྒྲུབ་མཁན་གྱི་བཀའ་ཁྲིའམ་སྤྱི་འཐུས་ཤིག་འདེམ་ཆོག་པའི་རང་དབང་ཡང་ང་ལ་ཡོད་པ་མ་ཟད། རང་དབང་དེ་ལག་ལེན་དུ་བསྟར་བའི་ཐོབ་ཐང་ཡང་ང་རང་ལ་ཡོད་པ་རེད། ཡིན་ནའང་རྒྱུ་མཚན་འདི་དང་དེ་ཟེར་ནས་འགྲེལ་བཤད་ཅི་ཡང་མེད་པ། ༸གོང་ས་མཆོག་གི་བཀའ་དགོངས་ཇི་བཞིན་བསྒྲུབ་མཁན་གྱི་བཀའ་ཁྲི་ཞིག་དགོས་ཟེར་ནས་རང་ཉིད་ཀྱི་བསམ་སྤྱོད་ཀྱི་འཁོར་ཡུག་ལས་བརྒལ་ཏེ་སྤྱི་ཚོགས་ནང་དུ་ལྷ་འབོད་ཀླུ་འབོད་ལྟ་བུའི་ཁྲོམ་བསྒྲགས་བྱེད་པ་འདིའི་རིགས་ཡག་ལྟས་ཅང་མཐོང་གིན་མིན་འདུག

ཨ་རི་བ་ཚོས་ཨོ་བྷ་མའི་དགོངས་པ་ཇི་བཞིན་བསྒྲུབ་དགོས་ཟེར་བ་ཞིག་གོ་མ་མྱོང་ལ། གོ་ནའང་དགོད་མོ་འཆོར་བའི་རྒྱུ་ལྟ་བུ་རེད།

སྤྱི་ཚོགས་ཀྱི་བསམ་བློའི་འཁོར་ཡུག་ལ་འགྱུར་བ་ཐེབས་པ་དང་བསམ་བློ་གཏོང་སྟངས་འདི་ལའང་འགྱུར་བ་འགྲོ་གིན་ཡོད། རིག་གནས་གསར་བརྗེ་སྐབས་སུ་མའོ་ཀྲུང་ཞིའི་དགོངས་པ་ཇི་བཞིན་བསྒྲུབ་དགོས་ཟེར་མཁན་ཤིན་ཏུ་མང་བའི་དུས་སྐབས་ནས། ད་ལྟ་དུས་རབས་ཉེར་གཅིག་པའི་ཧུའ་ཅིན་ཐོ་ཡི་དགོངས་པ་ཇི་བཞིན་བསྒྲུབ་དགོས་ཟེར་མཁན་ཉུང་བའི་དུས་སྐབས་འདི་ལ་བསམས་ན། མིའི་བསམ་སྤྱོད་ཀྱི་འཁོར་ཡུག་གུ་དོག་པ་ནས་གུ་ཡངས་པའི་སྤྱི་ཚོགས་ཤིག་ཏུ་འགྱུར་བཞིན་པ་མཐོང་ཐུབ་པ་ཞིག་རེད།

 

འོས་འདེམས་ཀྱི་དམངས་གཙོའི་ནང་དུ་མི་དམངས་ཀྱི་བསམ་བློ་གུ་ཡངས་དགོས་ཀྱི་ཡོད་ལ། རང་ཉིད་ཀྱི་རྣམ་དཔྱད་ལ་འདེང་འཇོག་རང་ཉིད་ཀྱི་འཇོག་ཐུབ་མཁན་ཞིག་བྱུང་ན་བཙན་བྱོལ་སྤྱི་ཚོགས་ནང་དུ་དམངས་གཙོ་གཞུང་ཚགས་ཚུབ་པོ་ཞིག་སྐྱོང་ཐུབ། གང་ཡིན་ཟེར་ན། ངེད་ཚོ་མི་རིགས་གཅིག་པ། ཆོས་གཅིག་པ། ལས་དབང་གཅིག་པ་སོང་ཙང་དམིགས་ཡུལ་དང་དགོས་པ་སོགས་ལ་འགལ་འདུ་ཤོར་ས་ཞིག་ཁབ་ཀྱི་རྩེ་མོས་འཚོལ་ན་མ་གཏོགས་རྙེད་རྒྱུ་མེད་པ་ཞིག་རེད། གནད་འགག་འདི་ཁ་གསལ་བོར་ཡོང་ཕྱིར་ལྡོག་ཕྱོགས་ནས་དཔེ་ཞིག་བླངས་ན་རྒྱ་གར་རྒྱལ་ཁབ་ལྟ་བུ་རེད། ཆོས་མི་གཅིག མི་རིགས་མི་གཅིག དགོས་མཁོ་མི་གཅིག དཔལ་འབྱོར་གྱི་ཡོང་ཁོངས་མི་གཅིག་པ་སོགས་འགལ་བ་མང་བས། རྒྱལ་ཁབ་ལ་ཕན་པའི་གཞུང་སེམས་ཅན་གྱི་འཐུས་མི་བསྐོས་མི་ཐུབ་པས། རྒྱལ་ཡོངས་ལ་ཕན་པའི་ལས་གཞི་ཆེན་པོ་ཅི་ཞིག་འགོ་འཛུགས་དཀའ་ལ། མཇུག་དེ་བས་ཀྱང་བསྐྱེལ་དཀའ་བའི་གནད་འགག་འདི་དག་འཕྲད་ཀྱི་ཡོད་པ་རེད།