རྟའུ་རུ་འཁྲུངས་སྐར་དུས་ཆེན་བརྩི་སྲུང་།
མཛད་སྒོ་སྐབས་རྟའུ་བས་གླུ་པ་གླུང་མ་རྣམས་ཀྱིས་༸གོང་ས་མཆོག་ལ་བསྟོད་གཞས་ཕུལ་བ་དང་། གཞོན་སྐྱེས་དང་རྒན༌་རབས་འདྲེས་མས་ཞབས་བྲོ་དང་རྟའུའི་གནའ་གྲོས་མགུར་ཞེས་པ་འཁྲབ་འདུག སྐྱེས་པ་ཚོས་རྟ་རྒྱུགས་མདའ་འཕེན་སོགས་རྩེད་སྣ་འདྲ་མིན་སྣ་ཚོགས་བརྩིས་འདུག་པ་དྲ་ཐོག་ནས་ཤེས་གསལ་བྱུང་། དེ་ཡང་༸གོང་ས་མཆོག་ལ་བསྟོད་གཞས་ཕོ་བྲང་དམར་པོ་ཞེས་པ་འཁྲབ་འདུག གཞས་ཚིག་ཟུར་གཅིག་བཀོད་ན།
བསོ་་ཕོ་བྲང་དམར་པོ་ཨེ་འདྲ་ཡ་མཚན་ཆེན་པོ་ལོ།།
བསོ་ཐམས་ཅད་མཁྱེན་པ་མཇལ་ཁ་གཏོང་རོགས་གནང་དང་།།
ཡར་ལ་ཕུལ་རྒྱུ་བསོད་ནམས་ཁ་བཏགས་ལ་ཡིན་པས།།
མར་ལ་གནང་རྒྱུ་ཆོས་ཀྱི་དངོས་གྲུབ་ལ་ཡིན་པས།།
ཆོས་ཀྱི་དངོས་གྲུབ་རང་གི་སེམས་ལ་ནི་ཕན་ཡོད།།
རང་སེམས་སྐྱིད་པའི་དགའ་བའི་རྡུང་བྲོ་ལ་འཁྲབ་ཡོད།།
སོགས་སྔོན་ཆད་མའུ་ཆོས་མཛད་བློ་བཟང་དཔལ་ལྡན་ཟེར་བའི་སྤྱི་ལོ་༡༨༨༩ཙམ་ནས་ཕེབས་པ་ཁོང་གིས་བརྩམས་པའི་གྲགས་ཅན་གྱི་ཞབས་བྲོ་འདི་ད་རེའི་སྐུའི་འཁྲུངས་སྐར་དུས་ཆེན་གྱི་ཉིན་མོར་འཁྲབ་འདུག རྟའུ་མི་མང་ལ་སྦྱངས་པའི་ཡོན་ཏན་གྱི་གྲགས་པ་མེད་ནའང་བོད་མི་རིགས་ཀྱི་ལ་རྒྱ་ནི་སྲོག་ལྟར་གཅེས་འཛིན་བྱས་དང་བྱེད་བཞིན་ཡོད། ༢༠༠༨ ལོའི་མི་མང་སྒེར་ལངས་ཆེན་མོ་དེའང་རྒྱ་ནག་གིས་བཤད་པ་ལ་ཕུག་གི་ཀུན་སློང་བྱེད་མཁན་གཙོ་བོ་དེ་རྟའུའི་ནང་ཡོད་ཅེས་དོགས་པ་ཆེན་པོ་བྱེད་ཀྱི་ཡོད་རེད་ཟེར། ལར་རྟའུ་ཉི་མ་གྲགས་པ་ཆེ་བས་སྐུ་སྲོག་བོད་མི་མང་གི་ཆེད་དུ་བློས་བཏང་ཚར་བ་དང་། ཡང་གཅིག་བཞད་ཉི་མ་གྲགས་པ་ཟེར་བ་ཞིག་ཡོད་ཁོང་ད་ལྟ་བཙོན་ཁང་དུ་མྱོང་བཞིན་པ་ཡིན། ད་དུང་རྟའུ་བསྟན་སྐྱོང་ཆབ་སྲིད་དཀའ་ངལ་གྱི་དབང་གིས་རང་སྲོག་གཅོད་དགོས་ཐུག་ཡོད་ཁོང་ཚོ་གསུམ་ནི་རྟའུ་ཉ་མཚོ་དགོན་པའི་གྲྭ་བ་ཡིན་ཞིང་རྒྱལ་གཅེས་དཔའ་བོ་ཞེ་གཅིག་ཡིན། དེ་ཚོས་བོད་ཀྱི་ཆེད་དུ་དཀའ་ལས་མང་པོ་བརྒྱབས་ཡོད་ནའང་བོད་གཞུང་མང་གཉིས་ནས་ཤེས་མཁན་ཧ་ཅང་དཀོན་པོ་ཡིན། དེང་སང་ནི་སྔོན་ཆད་དང་མི་འདྲ་བ་རྟའུ་མི་མང་ཡང་རྨོངས་གཉིད་སད་དེ་རྒྱལ་གཅེས་པ་ཇེ་མང་ནས་ཇེ་མང་འགྲོ་བཞིན་ཡོད། རྟའུའི་ནང་དུ་རྒྱ་ནག་གིས་ཀྱང་དོགས་པ་ཆེན་པོ་བྱེད་ས་ཞིག་ཏུ་གྱུར་ཡོད་དོ།།