སེམས་བསམ་པ་འཁོར་སའི་བླ་མ་ལགས།།
ཡིད་དད་པ་བྱེད་ས་སྐྱབས་ཀྱི་མཆོག།།
ཁྱེད་མེད་པའི་སྡུག་གི་ཕ་ས་ནས།།
ངེད་སློབ་བུའི་མིག་མཐར་འཆིལ་མ་རེད།།
༧བླ་མ་མཁྱེན་ནོ། གྲུབ་དབང་པདྨ་ནོར་བུ་མཁྱེན་ནོ།།
དགུང་ཉི་མ་གཟིམ་པའི་འཇིག་རྟེན་ནས།།
མཚན་མུན་པ་ནག་པོས་བཙན་ས་བཟུང་།།
མཚན་སྨག་ནག་ནང་གི་སེམས་ཅན་ཚོ།།
གནས་གང་དུ་ཕྱིན་ཀྱང་སྡུག་བསྔལ་རེད།།
༧བླ་མ་མཁྱེན་ནོ། གྲུབ་དབང་པདྨ་ནོར་བུ་མཁྱེན་ནོ།།
རྗེ་བླ་མ་གཤེགས་པའི་འཇིག་རྟེན་ནས།།
སྡུག་མིག་ཆུ་གཉིས་ཀྱི་ལོ་ཟླ་ཚེས།།
སྡུག་ཁུར་པོ་ལྕི་བའི་སློབ་བུ་རྣམས།།
གནས་གང་དུ་ཕྱིན་ཀྱང་སྐྱོ་སྣང་རེད།།
༧བླ་མ་མཁྱེན་ནོ། གྲུབ་དབང་པདྨ་ནོར་བུ་མཁྱེན་ནོ།།
༢༢།༡༠།༢༠༠༩། དྲིན་ཕ་མ་དང་ཁ་གྱེས་ནས། རྗེ་བླ་མས་དྲྭ་ཕྲུག་ཏུ་བཞག་སོང་བའི་སྐྱོ་ལྷང་ལྷང་གི་འཆམ་ར་བས་བྲིས།།