ཡིད་དུ་བབ་པའི་བུ་མོ་ཞིག་ལ།
དང་པོ་ཁྱེད་རང་མཐོང་བའི་དུས་ལ། །
སེམས་ལ་ཚོར་སྣང་དེ་ཙམ་མ་བྱུང། །
རྗེས་སུ་ཕན་ཚུན་ངོ་ཤེས་ཆགས་དུས། །
སྐད་ཆ་ཙམ་ལས་འབྲེལ་བ་ཅི་ཡོད། །
མཐོང་བ་ཙམ་གྱིས་ཡིད་སེམས་འགུག་པའི། །
རང་བྱུང་མཛེས་མའི་ཁྱད་ཆོས་མ་མཐོང། །
གྲོགས་པ་ཙམ་གྱིས་སུན་སྣང་སྐྱེ་བའི། །
གཤིས་རྒྱུད་ངན་པའི་ཚུགས་ཀ་མི་འདུག །
ཆ་མེད་ཡུལ་ནས་རྒྱུས་མེད་མི་ལ། །
འཕྲད་མ་ཐག་ཏུ་བློ་གཏད་སུ་བྱེད། །
ག་ལེར་གཅིག་རྒྱུས་གཅིག་གིས་ལོན་ན། །
སྐད་ཆ་ཨེ་འདུག་མནོ་བསམ་གཏོང་དགོས། །
གློག་རྡུལ་དྲ་བ་རྒྱུ་སྐུད་ལམ་ནས། །
ཕན་ཚུན་གླེང་བའི་ཁ་བརྡ་ཙམ་གྱིས། །
ཡ་ཆུང་སེམས་ཀྱི་གསང་བ་ཡོད་ཚད། །
ལྷུག་པོར་དཀྲོལ་བའི་སྤྱན་མིག་མི་འདུག །
མུད་པ་ཡན་གྱི་སྙན་པོའི་ཚིག་གིས། །
བཅོལ་ཆུང་གཞོན་ནུའི་མགོ་བོ་རྨོངས་པ། །
དེང་སང་དུས་ཀྱི་འགྲོ་སྟངས་ཤིག་ལ། །
སྤྱི་ཚོགས་ནང་དུ་ཉུང་ཉུང་མ་རེད། །
ཚོང་པ་རྒྱགས་པའི་དངུལ་ཁུག་མཐོང་དུས། །
སློབ་གྲྭའི་བུ་མོའི་མདུན་ལམ་འཆོར་བ། །
འགྲན་རྩོད་མང་བའི་དུས་རབས་འདི་ལ། །
ཆུ་བོ་འབབ་པའི་རླབས་རིས་འདྲ་བ། །
དཔྱོད་ཤེས་མེད་པ་ཚོང་པའི་རང་བཞིན། །
སྒོར་མོ་མེད་པ་སློབ་མའི་འགྲོ་སྟངས། །
རྟེན་འབྲེལ་དེ་གཉིས་འགྲིག་པའི་ཞོར་ལ། །
ང་ཡིས་བལྟས་ན་ཐུགས་ཁག་མི་འདུག །
ང་གཉིས་ཡུན་རིང་གྲོགས་པ་མེད་ཀྱང། །
གཅིག་རྒྱུས་གཅིག་གིས་ག་ལེར་ལོན་དུས། །
ཁྱེད་ལ་གཉེན་ཟླའི་མགོན་སྐྱོར་མེད་ཀྱང་། །
སྤྱོད་ངན་བྱས་པའི་ལོ་རྒྱུས་མི་འདུག །
མཐུན་རྐྱེན་ཞན་པའི་སློབ་རའིནང་དུ། །
དཀའ་སྡུག་བཙན་པའིལོ་ཟླ་རིང་མོར། །
གདུང་བའི་རླབས་དང་མིག་ཆུ་འདྲེས་པའི། །
ཁྱེད་ཀྱི་གསང་བ་ཅི་འདྲ་མང་བ། །
ད་ནི་བདག་གི་དྲན་པའི་ངོགས་ན། །
ཁྱེད་ཀྱི་གཟུགས་བརྙན་བྲིས་པའི་རི་མོ། །
ག་ལེར་ག་ལེར་ཆ་རྒྱུས་ལོན་དུས། །
ཉིན་མཚན་ཀུན་ཏུ་གསལ་དུ་འགྲོ་གི །