འབྲས་སིལ་སུས་བཀྱག་མིན་སྐོར་གྱི་བཞུགས་མོལ་ཚོགས་འདུ།

སྤྱི་འཐུས་ཚོགས་གཞོན་ལྷོ་ཕྱོགས་སུ་གུང་སེང་དུ་ཕེབས་པ་དང་བསྟུན། ཕྱི་ཚེས་༡༩ ཉིན་སྦེལ་ཀོབ་དུ་བོད་རྒྱལ་ཡོངས་གཞུང་མང་ཚོགས་ཆེན་ཐེངས་དང་པོ་འཚོག་ཡུལ་དུ་ཕེབས་ནས། ས་གནས་འགོ་འཛིན་དང་སེ་ར་བྱེས་སྨད་སོགས་ཀྱི་ཕྱག་མཛོད་དང་མཁན་པོ་སོགས་འབྲེལ་ཡོད་རྣམས་དང་གྲོས་སྡུར་གནང་བ་དང། ཚོགས་ཡུལ་ཚོགས་ཁང་སོགས་སུ་གཟིགས་ཞིབ་གནང་ཡོད་པ་རེད། ཚོགས་ཆེན་གྱི་མཛད་སྒོ་བདེ་སླར་མི་མང་ཚོགས་ཁང་དུ་བྱེད་རྒྱུ་དང་། མཇུག་བསྡོམས་སེ་ར་བླ་སྤྱི་ནས་བྱེད་རྒྱུ། དེ་བཞིན་བོད་གཞུང་མང་གི་ངོས་ནས་༧གོང་ས་མཆོག་ལ་བརྟན་བཞུགས་ཤིག་ཀྱང་སེ་ར་སྨད་དུ་འབུལ་རྒྱུ། གཞན་ཚོགས་ཆེན་སྐབས་ཀྱི་ཚོགས་ཆུང་ཁག་བརྒྱད་ཡོད་པ་དེ་དག་ལུགས་བདེ་གཉིས་ཀྱི་གྲོང་སྡེའི་སྤྱི་ཁང་ཁག་གི་ནང་འཚོག་རྒྱུ། བཙན་བྱོལ་བོད་མའི་མང་གཙོ་དབུ་བརྙེས་ནས་ལོ་ངོ་ལྔ་བཅུ་འཁོར་བའི་དུས་དྲན་དེ་རྒྱལ་བའི་ཕོ་བྲང་དུ་བྱེད་རྒྱུ་བྱས་ཡོད་པ་རེད་འདུག

belkobmeeting1ཡིན་ན་ཡང་མང་གཙོའི་དུས་དྲན་གོ་སྒྲིག་བྱེད་ཕྱོགས་ཐད་གཞིས་ལས་ཁང་གཉིས་ལ་ལས་བགོས་ཁ་གསལ་མ་བྱུང་བའི་གླེང་གཞི་མི་ཉུང་བ་ཞིག་ས་གནས་འགོ་འཛིན་རྣམ་གཉིས་ཀྱི་བར་བྱུང་ནས། ས་གནས་འབྲེལ་ཡོད་སྡེ་ཚན་ཁག་དང་མཉམ་དུ་བཞུགས་མོལ་ཚོགས་འདུ་འཚོགས་དགོས་བྱུང་བ་རེད་འདུག ཚོགས་འདུའི་ཐོག་ས་གནས་འགོ་འཛིན་རྣམ་གཉིས་ཀྱིས་ལས་དོན་གང་བྱས་གསལ་པོ་དགོས་པའི་སྐོར་དང་། བོད་མིའི་སྤྱི་མཐུན་མཉམ་འབྲེལ་གྱི་ཚོགས་གཙོ་སྤྱི་ཟུར་པདྨ་ལེགས་བདེ་ལེགས་སོགས་ཀྱིས་ས་གནས་སུ་གཞུང་དང་འབྲེལ་ཡོད་ཀྱི་ལས་ཀ་གང་འདྲ་ཞིག་ཡིན་ན་མཉམ་རུབ་ཀྱིས་བྱེད་ཀྱི་ཡོད་པའི་སྐོར་གྱི་གསུང་བཤད་གནང་རྗེས། སྤྱི་འཐུས་ཚོགས་གཞོན་རྒྱ་རི་སྒྲོལ་མ་མཆོག་གིས་ལས་རིམ་དེའི་བརྒྱུད་རིམ་དང་འབྲེལ་བཞུགས་མོལ་ཚོགས་འདུ་འཚོགས་དགོས་དོན་སྐོར་གསུང་དོན། “ལས་འགན་ཚང་མ་ས་གནས་འགོ་འཛིན་རྣམ་གཉིས་ལ་བགོ་བཤའ་བརྒྱབ་ཡོད་པ་རེད། བདེ་སླར་ས་གནས་འགོ་འཛིན་ནས་གནང་རྒྱུ། ལུགས་བསམ་ས་གནས་འགོ་འཛིན་ནས་གནང་རྒྱུ་ཞེས་གསལ་ཡོད་རེད། མཛད་རིམ་ནས་ཚེས་ ༢ ཉིན་མོ་གནང་རྒྱུ་དེ་གཅིག་པུ་ལ་(མང་གཙོའི་དུས་དྲན་གྱི་མཛད་སྒོའི་གྲ་སྒྲིག་)ས་གནས་འགོ་འཛིན་རྣམ་གཉིས་ནས་ཅེས་ལབ་ཡོད་རེད། ས་གནས་འགོ་འཛིན་ཁོང་རྣམ་པས་གསུངས་ན། རྣམ་གཉིས་ནས་གནང་དགོས་རེད་ཅེས་གསུངས་ནས་ས་མཚམས་གསལ་པོ་མེད་ན། སུ་ཡིས་འགན་ག་རེ་ཁུར་དགོས་རེད། འབྲས་སིལ་སུས་བཟོ་དགོས་པ་རེད། གསོལ་ཚིགས་དེ་སུ་ཡིས་བཟོ་དགོས་རེད་གསུངས་སོང་། དངོས་ནས་བྱས་ན་རྣམ་པ་གཉིས་ཀྱིས་གྲོས་མོལ་བྱས་ནས་འབྲས་སིལ་སུས་བཟོ་དགོས་ཡོད་ན། གསོལ་ཚིགས་སུས་བཟོ་དགོས་ཡོད་ན་དེ་རེད།” ཅེས་གསུངས་སོང།

ཁོང་གིས་མུ་མཐུད་གསུང་དོན། “ཕོ་བྲང་དེ་སྤྱི་པའི་ས་ཆ་རེད། ས་གནས་འགོ་འཛིན་རྣམ་གཉིས་ཐུག་ས་དེ་རེད། དེ་མིན་གཞན་པ་ཚོ་གཞིས་ཆགས་སོ་སོ་དང་སེ་ར་ལ་དཀའ་ངལ་ཡོད་པ་མ་རེད། ཕོ་བྲང་ལ་ས་གནས་འགོ་འཛིན་གཉིས་གསུངས་ཡོད་རེད། ཕྱག་ལས་བགོ་བཤའ་རྒྱག་སྟངས་གསལ་པོ་དགོས་ཀྱི་འདུག་གསུངས་སོང་། དངོས་གནས་བྱས་ན་གསལ་པོ་ཆགས་སོང་བསམས་སོང། གསལ་པོ་བྱུང་མེད་ན་ང་ཉིན་བཅུར་སྡོད་དགོས་བྱུང་ཡང་འདུག་རྒྱུ་ཡིན། ཞུགས་མོལ་ཚོགས་འདུ་འཚོགས་ནས་གྲ་སྒྲིག་བྱེད་སྟངས་དེ་ག་འདྲ་དགོས་ཀྱི་ཡོད་མེད་ཁ་གསལ་པོ་བཟོས་ན་ཟེར་བ་དེ་ཡིན།” ཅེས་གསུང་སོང་།

མང་གཙོའི་དུས་དྲན་སྐབས་༧གོང་ས་མཆོག་སྐུ་ངལ་མི་ཡོང་བའི་ཆེད་དུ་དུས་དྲན་སེར་བྱེས་ནས་གནང་རྒྱུ་བྱུང་ན་འགྲོ་སོང་སྒོར་འབུམ་བཅུ་བཅོ་ལྔ་གང་འདྲ་གཏོང་དགོས་རུང་གྲ་སྒྲིག་བྱེད་ཀྱི་ཡིན་ཞེས་སེར་བྱེས་ཕྱག་མཛོད་ཀྱིས་གསུངས་སོང་བ་ལས། གནས་ཚུལ་དེའི་ཐོག་བསམ་ཚུལ་གསུང་མཁན་སུ་ཡང་བྱུང་མ་སོང་། གང་ལྟར་ད་ལྟ་གཏན་ཁེལ་བྱུང་བ་ལྟར་མང་བཙོའི་དུས་དྲན་ཕོ་བྲང་དུ་བྱེད་རྒྱུ་དང་འགྲོ་སོང་ཡོངས་རྫོགས་བོད་མི་མང་སྤྱི་འཐུས་ནས་གཏོང་རྒྱུ། འབྲས་སིལ་དང་གསོལ་ཚིགས་བཟོ་རྒྱུའི་གཙོས་པའི་གྲ་སྒྲིག་ཚང་མ་ས་གནས་འགོ་འཛིན་རྣམ་གཉིས་མཉམ་ལས་ཐོག་བྱེད་རྒྱུ་རེད་འདུག ཚོགས་འདུ་གྲོལ་རྗེས་ཚོགས་བཞུགས་པ་མང་པོ་ཞིག་གིས་ས་གནས་འགོ་འཛིན་རྣམ་གཉིས་ནས་དུས་དྲན་གོ་སྒྲིག་བྱེད་རྒྱུའི་ཐད་དགོས་མེད་གླེང་གཞི་བྱུང་འདུག  ས་གནས་འགོ་འཛིན་ཚོས་ལས་དོན་ཐོག་འགན་ཁུར་ཡག་པོ་བྱེད་ཀྱི་མི་འདུག་ཅེས་འཁང་ར་དང་བཅས་བཤད་ཀྱི་འདུག །

མེ་སོར་གསར་འགོད་པས།

{jcomments on}