དྲ་འབྱེད་མཉེན་ཆས་ཡག་ཤོས་འདི་རེད། ཚང་མས་ཕབ་ལེན་དང་ནང་འཇུག་གནང་རོགས།
སྐབས་དེར་ངས་ཡག་ཤོས་རེད་ཅེས་བཤད་པ་ལྟོས་ས་ལྟོས་འཇོག་གིས་བོད་ཡིག་ལ་གཞི་བཞག་ནས་བརྗོད་པ་ཡིན། འདི་དང་མཉམ་དུ་ངས་སྒྲུང་ཐུང་ངུ་བཤད་ཀྱི་ཡོད། སྤྱིར་ད་ལྟའི་ཆར་ཨེ་ཤ་ཡའི་གླིང་ཆེན་ལ་མཚོན་ན་ཀམ་པུ་ཊར་བེད་སྤྱོད་བྱེད་མཁན་མང་ཆེ་བས་Microsoft བཟོ་གྲྭ་ནས་བཟོས་པའི་Windows བེད་སྤྱོད་བྱེད་བཞིན་ཡོད་པ་རེད། དྲ་འབྱེད་མཉེན་ཆས་internet explore ནི་གོང་གསལ་བཟོ་གྲྭ་ནས་བཟོས་པའི་སྒེའུ་ཁུང་གསར་རྙིང་གང་ཡིན་ཡང་གསར་རྙིང་གི་ཁྱད་པར་ཙམ་ལས་རང་ཆས་སུ་ཡོད་པ་རེད། ད་ལྟ་ང་ཚོའི་དྲ་རྒྱ་དེ་བཀག་རྒྱ་མེད་པའི་དབང་ (Open Source) ཞེས་པ་ནས་བཟོས་པའི་དྲ་རྒྱའི་ས་ཁོངས་ joomla ཞེས་པ་དེ་ཡིན་པ་དང། དེའི་ཐོག་མ་བཟོ་མཁན་མཉེན་ཆས་བཟོ་གྲྭ་དེ་ Microsoft དེ་ནས་ལས་ཀ་བྱེད་མཁན་ཞིག་ཕྱི་ལ་ཐོན་ནས་རང་ཉིད་ཀྱིས་(Open Source) ཞེས་པའི་མཉེན་ཆས་སྣ་ཚོགས་བཟོས་ནས་ Microsoft ལ་ཁ་གཏད་བཅགས་ཡོད་པ་དང། ད་ལྟའི་ཆར་དེའི་ས་ཁོངས་སུ་ཡོད་པའི་དྲ་རྒྱ་ལ་ Microsoft བཟོ་ནས་དཀའ་ངལ་སྤྲོད་ཐབས་བྱེད་ཀྱི་ཡོད་པའི་ལོ་རྒྱུས་ཤིག་ཤོད་རྒྱུ་འདུག རྒྱབ་ལྗོངས་དེ་འདྲ་ཞིག་ལ་བརྟེན་ནས་མིན་ནམ་བསམ། ཡིན་ནའང་ཁ་ཚོན་བཅད་ནས་བཤད་ཀྱི་མེད།
དེ་བཞིན་དྲ་འབྱེད་མཉེན་ཆས་ Mozilla འདི་གསར་པ་རྣམས་ལ་མཚོན་ནའང་བོད་ཡིག་གི་དྲ་རྒྱ་ལ་བལྟ་བའི་སྐབས་དཀའ་ངལ་གང་ཡང་མེད་ཀྱང། འབྲི་བའི་སྐབས་བོད་ཡིག་ཁ་འཐོར་ནས་འཆར་བ་ལྟ་བུའི་དཀའ་ངལ་ཞིག་ཡོད། ཀློག་ཀླད་དང་དྲ་རྒྱའི་སྐོར་གྱི་ཤེས་བྱ་ལ་མྱོང་གོམས་ཡོད་མཁན་ཞིག་ཡིན་ལ་དཀའ་ངལ་འདི་སེལ་རྒྱུའི་ཐབས་ཤེས་ཡོད་ཀྱང། མང་ཆེ་བས་དཀའ་ངལ་དེ་ལ་གདོང་ལེན་བྱེད་རྒྱུའི་ཤེས་ཚད་ཀྱིས་མི་འདེང་བས་དཀའ་ངལ་ཆེན་པོ་ཡོད།
དེར་བརྟེན་བོད་ཡིག་གི་དྲ་རྒྱ་ལ་གཟིགས་མཁན་རྣམས་ལ་མཚོན་ན་ Google Chrome དྲ་འབྱེད་མཉེན་ཆས་འདི་ཁོ་ན་བེད་སྤྱོད་གནང་ན། གོང་གསལ་གྱི་མཉེན་ཆས་གཉིས་ཀའི་ནང་དུ་འཕྲད་བཞིན་པའི་དཀའ་ངལ་ཁག་མི་འཕྲད་པས་སྤྱི་ཡོངས་ནས་བོད་ཡིག་ལྟ་ཀློག་བྱ་རྒྱུར་གཞིགས་ནས་བཤད་ན་དྲ་འབྱེད་མཉེན་ཆས་འདི་ཉིད་ཆེས་ཡག་ཤོས་སུ་གྱུར་ཡོད།
