ང་ཚོར་དགོས་པའི་སང་ཉིན་གྱི་བཀའ་བློན་ཁྲི་བ།

 

དེ་ནི་སོ་སོའི་ལྟ་ཚུལ་ལས་འབུས་པའི་དོན་ཆེན་ཞིག་ཏུ་འཁུམས་སྟབས། དེ་ལ་ཆོག་མི་ཆོག་གི་རྡོ་རྗེའི་བཀའ་ལུང་ཞིག་སུ་ཡིས་འབེབ་ལ་འབེབ་ཀྱང་མི་ནུས། རང་ཚོས་སྔ་སྔ་ད་གསུམ་ནས་རྒྱ་གཞུང་ལ་རྒོལ་བའི་རྒོལ་གཞི་གཙོ་བོ་གཅིག་ནི་སྨྲ་བརྗོད་རང་དབང་རེད་ལ། འགྲོ་བ་མི་ཞིག་ལ་མཚོན་ན་སྨྲ་བརྗོད་རང་དབང་ནི་ཚེ་སྲོག་དང་གཉིས་སུ་མེད། དེའི་ཕྱིར་ཁོང་ཚོས་དུས་རྟག་ཏུ་ཚེ་སྲོག་ལ་བར་ཆད་གཏོང་བའི་གདོན་བགེགས་ཐམས་ཅད་སེལ་ཐབས་བྱེད་ཅིང་། རང་དབང་གཉའ་ནས་གནོན་པའི་དྲག་ཤུགས་ཡོད་རྒུ་ལ་རྒོལ་རྡུང་སྤྲད། ཤ་ཁྲག་རུས་གསུམ་འཐོར་ཞིག་ཏུ་གྱུར་ཀྱང་རང་དབང་གི་དོན་དུ་འབད། དེ་ནི་འགྲོ་བ་མིའི་ཐུན་མིན་གྱི་ཁྱད་ཆོས་ཤིག་ཏུ་བཤད་ཀྱང་མི་ཆོག་རྒྱུ་མེད་སྙམ། བཙན་བྱོལ་བོད་གཞུང་ནི་ཚད་མཐོའི་མང་གཙོ། འགྲོ་བ་མིའི་རང་དབང་གཙིགས་སུ་འཛིན་པའི་སྲིད་གཞུང་དང་། མདོ་དབུས་ཁམས་གསུམ་གྱི་མ་འོངས་པའི་མགོ་འདྲེན་ཡིན་པར་འཁུམས་པས་དེ་ཡི་བཀའ་ཁྲི་ནི་གལ་ཆེན་ནང་གི་དོན་ཆེན་ཞིག་ཏུ་འདུག་པས། དེའི་སྐོར་ལ་ང་ཚོ་མི་རེ་ངོས་རེ་ནས་བསམ་འཆར་འདོན་རྒྱུ་ནི་དོན་གནད་རང་ག་བ་ཞིག་གཏན་ནས་མ་རེད་སྙམ། དེ་སྔོན་མི་དུ་མ་ཞིག་གིས་བསམ་འཆར་བསྟན་པའི་ཕྱོགས་དེར་ཡི་རང་ཡོད་ཀྱང་། ཁོང་ཚོ་དུ་མ་ཞིག་གི་བསམ་འཆར་ལ་འཐད་པ་ནི་རྩ་ནས་མིན། མི་འཐད་སའི་ཆ་གཙོ་བོ་ནི་ཕྱོགས་གཉིས་སུ་གཏོགས་ཏེ། གཅིག་ནི་གང་ཟག་སྒེར་བ་ཞིག་གི་ལྟ་གྲུབ་ལས་འདའ་མི་ཕོད་པར་དགོས་པ་དེ་ཡིན་ལ། གཉིས་པ་ནི་དུས་རབས་དང་མི་འཚམས་པའི་བགྲེས་སོང་ཉམས་མྱོང་ཅན་ཞིག་དགོས་པར་འདོད་པ་དེ་རེད། ས་སྒང་འདིར་ང་ཚོ་ཡང་། དུས་རབས་དང་མཐུན་པའི་གོམས་སྟབས་ཤིག་སྦྱོར་འདོད་ན། ཤེས་འཇོན་ལྷག་གསུམ་འཛོམས་པའི་མི་བུ་ཚོར། རང་ཉིད་ཀྱི་འཇོན་ཐང་ངོམས་པའི་གོ་སྐབས་སྟེར་དགོས་པ་ལས། དེ་ལ་ཚད་བཀག་གཏན་ནས་བྱ་མི་རུང་། གང་ཟག་སྒེར་བ་ཞིག་གི་བཏང་འཛིན་ལས་བརྒལ་མི་ཆོག་ན་དེ་ནི་བླ་ན་མེད་པའི་ཚད་བཀག་ཅིག་རེད།  ཚད་བཀག་ནི་རང་དབང་གི་ལྡོག་ཟླ་ངོ་མ་དེ་རེད། རྟ་ཕོ་ལ་འགྲོས་ཡོད་ན་རྒྱུགས་བཅུག་དགོས་པ་ལས་ཁྱོད་ལ་དགོས་པའི་རྒྱལ་ཁ་དེ་ནམ་ཡང་ཐོབ་མི་སྲིད། མི་ཡིས་ལྷའི་ཚབ་མི་ནུས་པར་འདོད་པ་ནི་བོད་པ་ཚང་གི་ཕམ་ཁ་རེད། མི་ཞིག་ལྷ་རུ་མཐོང་བ་དེའང་བོད་པ་ཚང་གི་རྨོངས་གཉིད་རེད། མདོར་ན་འབྱུང་འགྱུར་གྱི་བཀའ་ཁྲི་ལ་འཇོན་ཐང་ཡོད་ན་འདོན་བཅུག་དགོས་པ་ལས་ད་ལྟ་ནས་ཁོ་ལ་ཚད་བཀག་རང་བཞིན་གྱི་དྲ་བ་ཞིག་གཏན་ནས་བཅའ་མི་རུང་། འོན་ཀྱང་ཁོ་ལ་འཇོན་ཐང་མེད་ན་དེ་ལས་འདའ་མི་ཐུབ་ལ། འདའ་བ་ལ་གནོད་པ་ལས་ཕན་ཐོགས་ཅི་ཡང་འབྱུང་མི་སྲིད་དོ། །

ལོ་ན་བགྲེས་པ་ཙམ་གྱིས་མི་བུ་རྙིང་པར་མ་ངེས་ཤིང་། མི་བུ་རྙིང་པ་ནི་བགྲེས་སོང་བསམ་བློ་རྙིང་ཞེན་ཅན་ཚོར་གོ་ན་ཆོག མི་བུ་རྙིང་པ་ཚོ་ནི་སྤྱི་ཚོགས་རྙིང་པའི་བག་ཆགས་སྒམ་པོར་ཤ་གསེང་རུས་གསེང་ན་ཐེར་གྱིས་ཟུག་པའི་ཁེར་ཤེད་ཅན་རྐྱང་ཡིན་སྟབས། ཁོང་ཚོའི་ཁོག་ཏུ་ཡང་། ཤ་མར་རྙིང་པ་བཟས་པའི་རྟུག་དྲིས་ལས་གཞན་ཅི་ཡང་མེད། སྤྱི་ཚོགས་རྙིང་པའི་བག་ཆགས་ནི་བྲན་གཡོག་གི་འདུ་ཤེས་རེད་ལ། བྲན་གཡོག་འདུ་ཤེས་ཀྱིས་བསླངས་པའི་བསམ་བློ་ནི་ཁེར་ཤེད་ཀྱི་རྨང་གཞི་རེད། སྲིད་སྐྱོང་པ་ཁེར་ཤེད་ཇི་ཙམ་ཆེ་བ་དེ་ཙམ་གྱིས་བྲན་གཡོག་ལམ་ལུགས་མཚོན་པས། དུས་རབས་ཀྱི་བསམ་བློ་མེད་པའི་ཁེར་ཤེད་ཅན་ནི་ང་ཚོར་གཏན་ནས་མི་འཁོ། ལ་ཤས་ཤིག་གིས་མི་བུ་རྙིང་པ་ཚོར་སེམས་ཤུག་དང་བྱས་རྗེས་བཟང་བས་བཀའ་ཁྲིར་བཀོས་རུང་བར་བཤད་མོད། སེམས་ཤུག་དང་བྱས་རྗེས་བཟང་བ་ཙམ་གྱིས་དུས་རབས་ཤིག་གི་རྗེས་ཆོད་དཀའ་མོ་མདའ།  ཆོལ་ཁའི་འཐེན་ཁྱེར་དང་ལུང་ཚན་དབྱེ་བའི་ཚོར་བ་ནི་འཆམ་མཐུན་གཏོར་བྱེད་ཀྱི་མེ་སྒྱོགས་ཤིག་དང་འདྲ་ལ། ཡོང་རྒྱུའི་བཀའ་ཁྲི་དེའང་བོད་སྤྱི་བའི་ལས་དབང་སྣེ་ཁྲིད་ཐུབ་མཁན་ཞིག་དགོས་པས། ད་ལྟ་ནས་ང་ཚོས་མིག་གཉིས་སྦྲད། རྣ་བ་ཟུང་གིས་ཉན་ནས་འཇོན་ནུས་ཅན་གྱི་བཀའ་ཁྲི་ཞིག་འཚོལ་དགོས་པ་ལས་དེའི་སྐྱེས་ཡུལ་དང་རིགས་རུས་ལ་ཇུས་གཏོགས་བྱས་ན་ནོར་འཁྲུལ་ནང་གི་ཡང་ནོར་ཞིག་ཏུ་འཁུམས་སོ། །

དེས་ན་ང་ཚོར་དགོས་པའི་སྐབས་གསུམ་པའི་བཀའ་ཁྲི་ནི། བག་ཆགས་རྙིང་པའི་ངན་ཞེན་གྱི་དྲི་མ་དང་བྲལ་ཞིང། ཤེས་འཇོན་ལྷག་གསུམ་ཡོད་པ། དེང་རབས་ཀྱི་བསམ་བློ་དམིགས་རྒྱང་རིང་ཞིང་། ཅི་ཞིག་ཡིན་ན་སྒྲུབ་ཕོད་པ། ཚུགས་ཐུབ་པ་ཞིག་དགོས་གལ་ཆེའོ། །