གྲགས་ཅན་རྩོམ་པ་པོ་སྒོ་ཡོན་གྱི་བསྒྲགས་གཏམ་འདྲེན་བཀོད། བོད་འབྱོར།
སྲུང་མ་བཙན་པོ་ཡི་མཐུ་རྩལ་ཞན་ཉིན།།
རྒྱ་མི་སྡིག་པོ་ཡིས་རྡོག་གཞུས་གཏོང་གི།།
དཀོན་མཆོག་དཀོན་པོ་ཚོས་རྒྱང་ལྟ་བྱེད་ཉིན།།
ཉེན་རྟོག་མང་བོ་ཚོས་ཕྱག་འབེབ་རག་གི།།
ད་ལོའི་མོ་རྩིས་ནང་བཟང་ཞིག་བབས་ཀྱང༌།།
ད་ཆའི་ལམ་འགྲོ་ནི་གཡོན་ལ་འཁོར་འདུག།
ད་ལྟའི་ལས་དོན་ནི་གཞན་དོན་ཡིན་ཡང༌།།
དེ་རིང་རང་སྟེང་ལ་མནར་གཅོད་འོང་ཐལ།།
ལག་སྒྲོག་མཁྲེགས་པོ་དེས་ལག་པ་གཅོག་གི།།
རྐང་སྒྲོག་ལྗིད་མོ་དེས་རྐང་བ་གནོན་གི།།
མེ་མདའ་ཐུང་ཐུང་ཚོས་འཇིགས་སྐུལ་བཙན་གི།།
གློག་དབྱུག་སྒམ་སྒམ་ཚོས་གནོན་ཤུགས་སྤྲོད་ཀི།།
ཁུ་ཚུར་སྟོབས་ཆེན་གྱིས་འགྲམ་རུས་བཅག་བཞག།
མཆིལ་ལྷམ་ནུས་ཆེན་གྱིས་རྩིབ་ངོས་བཀུག་བཞག།
ཟངས་སྐུད་སྦོམ་པོ་ཡིས་ལག་མཐིལ་སྦྲིད་བཞག།
རྐུབ་སྟེགས་རྡོ་འདྲ་བས་འཕོངས་སྣེ་རྙོག་བཞག།
སྦྲིད་རྫས་གཏོར་བ་དེས་མིག་ལ་གནོད་བཟོས།།
ཁྲག་དམར་ཕྱུང་བ་དེས་ཟུངས་ལ་ནད་བསྐྲུན།།
མགོ་ལ་བརྡེགས་པ་དེས་ཀླད་པར་སྐྱོན་ཞུགས།།
སེམས་ལ་གནག་པ་དེས་སྙིང་ལ་གཟེར་བསྐྲུན།།
ཞིབ་བཤེར་སྣ་ཚོགས་ཀྱིས་དྲི་རྩད་གཅོད་པས།།
སྐད་མགོ་དམའ་ཙམ་གྱིས་ཐལ་ལྕགས་གཞུས་བྱུང༌།།
པར་ལེན་ཆེ་ཆུང་གིས་པར་དུ་བརྡབས་པས།།
ཁ་སྣ་འགུལ་ཙམ་གྱིས་སྡིགས་དམོད་བཏང་བྱུང༌།།
ཐམ་ཀ་འདྲ་མིན་གྱིས་འགྲོ་ལམ་བཀག་ཅིང༌།།
དྲ་འཇུག་མི་མཚུངས་པའི་སྦྱར་ཡིག་བཀྲམས་པས།།
མི་ཚེའི་བགྲོད་ལམ་ལ་རྒྱ་གྲམ་གཏད་ཅིང༌།།
འཚོ་བའི་དཔལ་ཁ་ལ་ཐལ་སྐྱ་བཏབ་ཚར།།
འདི་ནས་དངོས་མཐོང་གི་དམྱལ་བ་མྱང་བ།།
སྐྱེ་ལུས་གཅིག་པ་ཡི་ཐོད་པའི་རི་མོ།།
འདི་ནས་རང་ཐོག་གི་ཐོབ་ཐང་གཙབས་པ།།
སྒེར་གཅོད་རྒྱབ་ཁབ་འདིའི་འོག་གི་ལས་དབང༌།།
ས་ཁམས་ནག་པོ་འདི་ཐེངས་གཅིག་བརྒྱུད་དུས།།
སྔོན་འདས་དཔའ་བོ་ཚོའི་དཔའ་སྤོབས་མཇལ་འོང༌།།
དབང་སྡོམ་ལས་ཁུངས་འདིར་གོམ་གང་སྤོས་རྗེས།།
སྲིད་ཇུས་གཡོན་ལྷུང་གི་བྱིན་རླབས་མངོན་ཐུབ།།
བདེན་ལ་བདེན་སྟེར་བའི་མཁས་ཆེན་དཔྱོད་ལྡན།།
ཕུགས་ལ་ཕན་བསྒྲུབ་པའི་ངེས་དོན་ཆོས་པ།།
མི་ལ་དཔལ་འདྲེན་པའི་དྲང་སྨྲ་སྙུག་ཐོགས།།
ཁྱོད་ཚོའི་བླ་ཤིང་ལ་འདི་བས་བལྟས་འདུག།
ནོར་འཆུག་ཡོད་མེད་ལ་བརྟག་ས་མེད་པ།།
རྒྱུ་མཚན་ལྡན་མིན་ཞིག་ཐོན་ས་མེད་པ།།
གནད་དོན་བྱས་མིན་ཙམ་ཞུ་ས་མེད་པ།།
སྤྱི་བདེ་དྲིན་ཆེན་འདིའི་སྤྱི་ཁྲིམས་ཡིན་པས།།
ད་ནི་ཚེ་སྲོག་ལ་ཚེར་མ་བཙུགས་ཀྱང༌།།
འགྱོད་གདུང་སྤུ་རྩེ་ཙམ་ཡིད་ལ་མི་ཡོང༌།།
ད་ནི་སྙིང་ཁ་ལ་གྲི་ཁ་བསྐོར་ཡང༌།།
ལུས་འདོགས་སེམས་འབུལ་ཞིག་ཡེ་ནས་མི་དྲན།།
འདི་ནི་རྒྱལ་སྤྱི་ལ་བསྒྲགས་པའི་གཏམ་ཡིན།།
འདི་ནི་རང་རྒྱལ་ལ་བཞག་པའི་མནའ་ཡིན།།
འདི་ནི་རང་ཉིད་ལ་བཅས་པའི་ཚིག་ཡིན།།
འདི་ནི་རང་རྐྱང་གིས་འཁུར་བའི་འགན་ཡིན།།
2010/06/22ཉིན་རྒྱའི་མི་དམངས་སྨན་ཁང་ཞིག་ཏུ་འབོལ་རྩོམ«བཙོན་འཇུག་གི་མནར་གཅོད»བྲིས་པའི་ཞོར་དུ་སྤེལ།།
