མི་མང་སྒེར་ལངས་ལས་མཆེད་པའི་གཏམ་འཚེ་མེད་ཞི་བ།
ཀྲུང་གོའི་སྲིད་བློན་ཝན་ཅ་པོའོ་ཡིས་ཁུངས་ལུང་མེད་པའི་རྫུན་གཏམ་བསྒྲགས། །
བཀའ་བློན་ཁྲི་པས་རིགས་ལམ་གཏམ་གྱིས་དྲང་བདེན་སྨྲ་ཀུན་དགྱེས་པར་མཛད། །
རྒྱལ་སྤྱིར་ཆེས་མཁས་ཉམས་ཞིབ་པ་ཚོས་དཔྱད་བརྗོད་བྱ་བའི་ལས་ལ་བྲེལ། །
འཛམ་གླིང་མི་མང་སྤྱི་ཚོགས་གསར་པར་གསང་བའི་གཏམ་རྒྱུད་འཚོལ་ལ་རིངས། །
འཚེ་མེད་ཞི་བའི་སྐད་འབོད་བྱེད་སྐབས་དྲག་པོའི་མཚོན་ཆས་འགོག་དོན་མེད། །
དམར་པོའི་གཞུང་ལ་ངོ་རྒོལ་ཡིན་གྱི་ཁ་ཆེ་ཆོས་ལུགས་འཐབ་དོན་མེད། །
མི་གསོད་ཁྲག་སྦྱོར་མཚམས་འཇོག་དགོས་ལ་ང་ཚོ་ལས་འགུལ་འཇོག་རྒྱུ་མིན། །
ཆོས་རིགས་སྲུང་སྐྱོབ་ལས་འགུལ་ཡིན་གྱི་སྲིད་འབྱོར་རྐྱང་པའི་དོན་ཙམ་མིན། །
དམར་པོའི་སྲིད་གཞུང་ངོ་རྒོལ་ཡིན་གྱི་རྒྱ་རིགས་མང་ཚོགས་རྒོལ་དོན་མེད། །
ང་ཚོའི་འཐད་རྩོད་དྲང་བདེན་ཡིན་གྱི་ལོག་སྤྱོད་བྱ་བ་ག་ལ་ཡིན། །
མི་མང་སྒེར་ལངས་རང་འགུལ་ཡིན་གྱི་ཏཱ་ལའི་བླ་མས་ངན་བསྐུལ་མིན། །
ཕྱོགས་གཉིས་ཞི་མོལ་འདུམ་འགྲིག་ཡིན་གྱི་དྲག་སྤྱོད་ཤུགས་ཀྱིས་གནོན་ཐབས་མེད།།
ཀྲུང་གོའི་སྲིད་གཞུང་བཙན་དབང་ཆེ་ལ་སྨྲ་བརྗོད་རང་དབང་ཁོར་ཡུག་མེད། །
བོད་ཀྱི་བཀའ་ཤག་དམངས་གཙོ་ཡིན་ལ་ལམ་ལུགས་རྙིང་པ་བསྐྱར་གསོ་མིན། །
ཧཕུག་ཅིང་ཐོའོ་ནི་གནག་སེམས་ཆེ་ལ་ང་ཚོའི་དབུ་ཁྲིད་ཐུགས་རྒྱུད་བཟང༌། །
རྒྱ་ནག་གྲོས་ཚོགས་དམར་ཕྱོགས་ཡིན་ལ་ང་ཚོ་ནང་པའི་རྒྱུད་འཛིན་ཡིན། །
གཞིས་ལུས་བོད་མིའི་གཉའ་གནོན་བལྟས་ན་ང་ཚོ་ལྷོད་པོར་སྡོད་ཐབས་མེད། །
ྋགོང་ས་མཆོག་ལ་བསྐུར་བ་བཏབ་ཚེ་ང་ཚོའི་ཁོང་ཁྲོ་གཏིང་ནས་ལངས། །
ཆེས་མཐོའི་རང་སྐྱོང་ཚད་ལྡན་དགོས་ལ་རང་བཙན་སྐད་ཆ་ཤོད་རྒྱུ་མིན། །
ཀྲུང་གོའི་རྒྱལ་ཁབ་སྟོབས་ཤུགས་དགོས་ན་བོད་མིའི་རེ་བ་གང་མྱུར་སྒྲུབ། །
རང་དབང་ཅན་གྱི་ཞིབ་འཇུག་མེད་ཅིང་རྒྱལ་སྤྱིའི་དམག་གིས་སྲུང་སྐྱོབས་་མེད། །
རྒྱ་གྲམ་དམར་པོས་རོགས་སྐྱོར་མེད་ཅིང་གསར་འགོད་པ་རྣམས་ཕྱིར་ཕུད་བཏང༌། །
མི་མང་རེ་འདུན་བསམ་ཤེས་མེད་ཅིང་དེང་རབས་རྫས་མཚོན་དྲག་གནོན་བྱས། །
རྒྱ་རིགས་སྤུན་ཟླར་རང་དབང་མེད་ཅིང་དམར་པོ་གཞུང་ལ་ཡིད་ཆེས་མེད། །
རྒྱལ་སྤྱིའི་རྩེད་འགྲན་འགོག་རྒྱུ་མིན་ལ་བོད་ཀྱི་གནད་དོན་ཕྱིར་བསྒྲགས་ཡིན། །
རྒྱ་རིགས་སྤུན་ཟླར་ཁོན་ལན་མིན་ལ་བོད་མིའི་གདུང་སེམས་མཉམ་བསྐྱེད་ལགས། །
བོད་རིགས་གཅིག་པུའི་ཁེ་ཕམ་མིན་ལ་ཞི་བའི་ལྟེ་གནས་བསྐྲུན་ཕྱིར་ཡིན། །
ང་ཚོ་ཁ་བྲལ་འགྲོ་རྒྱུ་མིན་ལ་ཆེས་མཐོའི་རང་སྐྱོང་ཚད་ལྡན་དགོས། །
ཕ་རོལ་པོ་ཡིས་གཡོ་རྫུན་རྐྱེན་གྱིས་དྲང་གཏམ་ཤོད་རྒྱུའི་གོ་སྐབས་བརྙེས། །
ཞི་བའི་སྐད་འབོད་ངོ་ལེན་མེད་པས་བོད་མིའི་སྒེར་ལངས་ཆེན་མོ་བསླངས། །
ལོ་མང་མྱངས་པའི་རྨ་ཁ་འདི་ཡིས་བོད་མིའི་སེམས་ལ་དཔའ་ངར་ལངས། །
དངོས་ཐོག་བདེན་འཚོལ་ལས་འགུལ་འདི་ལ་བོད་མིའི་ཕུག་རེ་དམ་གཙང་ཡོད། །
ཕྱི་ལོ་ ༢༠༠༨ ཟླ་བ་ ༤ ཚེས་ ༡ ཉིན་བྲིས།