ཁྱོད་ལ་དོན་ངོ་མའི་བཀའ་བློན་ཁྲི་པ་དེ་ག་འདྲ་ཞིག་རེད།

བཙན་བྱོལ་ནང་དུ་ལྐུགས་པའི་ཞེན་ཁོག་བྱེད་མཁན་ཁེངས་བསྡད་ཡོད་རེད། དེར་བརྟེན་སྤྱི་པའི་ལས་དོན་མ་འགྲུབ་ནས་ད་བར་འབྲས་རྡ་ལི་ཟ་བཞིན་ལྷག་པ་རེད། གལ་སྲིད་ཁྱོད་ལ་གཞན་འོག་ཏུ་མགོ་མི་སྒུར་བའི་བློ་ཁོག་ཅིག་དང་། རང་ཉིད་ཀྱི་ལྟ་བ་བརྟན་བཟུང་བྱེད་ཐུབ་པའི་ཕོ་རབ་ཅིག་གམ་མོ་རབ་ཅིག་ཡིན་ན། གཞན་གྱི་ཟེར་སྒྲོས་ལ་འབྱར་ནས་རང་ཉིད་ཀྱི་བསམ་བློ་བརླག་འགྲོ་བ་ག་རེ་རེད། དེ་དུས་ཁྱོད་ལ་རྣམ་དཔྱོད་མེད་པའི་རྟགས་རེད།

དེང་སང་བཙན་བྱོལ་བོད་པར་ཚོར་མཚོན་ན་དོན་དག་ཆེ་ཤོས་དེ་བཀའ་ཁྲི་དང་སྤྱི་འཐུས་འདེམས་རྒྱུ་དེ་རེད། ཚོགས་པ་ག་གེ་མོ་དང་། མི་སྒེར་ཆེ་གེ་མོ་སོགས་ཀྱིས་གོ་སྐབས་ཤིག་བཙལ་ནས་འོས་གཞི་འདྲ་མིན་འདོན་གྱི་འདུག དེར་བརྟེན་ཁྱོད་ཀྱིས་ཀྱང་བསམ་བློ་གསར་པ་ཞིག་བཏང་ནས་རང་གིས་བཙལ་ཞིང་རང་གིས་རྙེད་པའི་བཀའ་ཁྲི་དང་སྤྱི་འཐུས་ཤིག་སྔ་ས་ནས་གྲ་སྒྲིག་མ་བྱས་ན། ནམ་ཞིག་ཁྱོད་རང་བཙོང་མཁན་དེ་ཁྱོད་རང་གི་གྲོགས་པོ་དང་གཞན་དེ་འདྲ་ཞིག་ཡིན་པ་ཚོར་གྱི་མ་རེད། མི་འགའ་ཞིག་ཁྱོད་རང་མདུན་དུ་ཡག་མདོག་ཁ་པོ་ཡོད་རེད། མི་འགའ་ཞིག་ནི་ཁྱོད་རང་མདུན་དུ་ཞེ་སྣང་ཚ་མདོག་ཁ་པོ་ཡོད་རེད། མི་འགའ་ཞིག་ནི་ཁྱེད་རང་མདུན་དུ་འཇོན་མདོག་ཁ་པོ་ཡོད་རེད། འོ་ན་ཁྱོད་ཀྱིས་དེ་དག་ལ་ཕར་རྣམ་འགྱུར་ག་འདྲ་བསྟན་པ་ཡིན། ཅིག་བྱས་ན་ཁོག་པ་བསྔོག་ཚར་དུས་ཁྱེད་རང་དགོས་མཁོ་དེ་ཙམ་ཡོད་ཀྱི་མ་རེད། དེ་དུས་ཁྱོད་རང་གླེན་པ་ཞིག་ཡིན་པ་གཞི་ནས་ཚོར་གྱི་རེད།

མདོར་ན། རང་ཚུགས་ཟེར་རྒྱུ་ངོ་མ་གལ་ཆེན་པོ་ཡིན་པ་འདྲ། ད་དུང་དྲན་དགོས་པ་ཞིག་ལ་གྲོས་མི་ལ་དྲིས། ཐག་རང་གིས་ཆོད་ཅེས་པ་དེ་རེད། ཆབ་སྲིད་པ་ཚོས་གནམ་ས་བླ་འོག་བརྗེ་བ་ལྟ་བུའི་ཞབས་བྲོ་རེ་འཁྲབ་ཡོང་དུས། ཁྱོད་རང་དེའི་བར་ན་མགོ་ཡུ་འཁོར་ནས་འདུག་རྒྱུ་ཡིན་ནམ།།