བཀའ་སྤྱིའི་འོས་བསྡུའི་སྐོར་ལ་བཀའ་ཁྲིའི་རེ་སྐུལ།
ད་ཁྱེད་རང་ཚོའི་བརྒྱུད་ནས་བཙན་བྱོལ་བོད་མི་ཡོངས་རྫོགས་ལ་ངས་སྙིང་ཐག་པ་ནས་རེ་སྐུལ་ཞུ་རྒྱུ་དེ། འོས་བསྡུའི་ལས་རིམ་དེ་རྣམས་འཆར་ཅན་དང། གལ་ཆུང་ཆུང། ཡང་མིན་ན་འདོད་པ་གང་ཡོད་བྱེད་རྒྱུ། ཡང་མིན་ན་མི་གཞན་དག་ལ་འདོད་པ་བསྐང་བའམ་དེ་འདྲའི་ཆེད་དུ་མ་གཏང་བ་བྱས་ནས་སོ་སོ་རང་རང་གི་སེམས་ཀྱི་གཏིང་ནས་ག་རེ་ཐག་གཅོད་ཡོད་པ་དེ་གནང་དགོས་པ་དེ་གལ་ཆེན་པོ་རེད་ཅེས་ངས་རྟག་པར་ཞུ་བསྡད་ཀྱི་ཡོད། གསང་བའི་འོས་ཤོག་བླུག་དགོས་པའི་རྒྱུ་མཚན་ག་རེ་རེད། གཞན་པ་གང་ཡང་མ་རེད། སོ་སོའི་རང་དབང་གི་བསམ་བློ་བེད་སྤྱོད་གཏོང་ཐུབ་པ་ཞིག་དང་། དེ་ལ་མི་གཞན་པས་དགའ་སྡུག་མི་ཡོང་བའི་ཆེད་དུ་བསམ་བློ་བཏང་ནས་བྱེད་ཀྱི་ཡོད་རེད། དེ་ཡིན་དུས། མི་གཞན་གྱི་དྲིལ་བསྒྲགས་དང། གནོན་ཤུགས། བརྒྱུད་སྐུལ། རེ་འདུན། དེ་འདྲ་གང་ལའང་ཆ་མ་བཞག་པ་བྱས་ནས་སོ་སོའི་བསམ་བློའི་གཏིང་ལ་རང་བྱུང་གི་ཚོར་སྣང་ག་རེ་ཤར་བ་ནང་བཞིན་གནང་ཐུབ་པ་ཡིན་ན་ཏན་ཏན་དེས་མང་གཙོ་ཚད་ལྡན་མཁྱེན་པ་རེད་བསམ་གྱི་འདུག ཐུགས་རྗེ་ཆེ།།
