ད་རེབ་མི་མང་ཚོས་གཟབ་དགོས’

འདིའི་ཐད་ཁོ་བོས་མཐོང་ཚུལ་འགའ་གླེང་ན་འདོད།

༡༽དེང་སང་རྩོམ་པ་པོ་དང་ཤེས་ཡོན་ཅན་གྱི་ན་གཞོན་མང་པོ་ཞིག་གིས་དེ་སྔོན་བཞིན་ཆོལ་ཁ་དང་ཆོས་ལུགས་སོགས་འཐེན་འཁྱེར་གྱི་ནད་རྙིང་དག་དོར་ཏེ་འབྱུང་ལ་ཉེ་བའི་འཛིན་སྐྱོང་བཀའ་བློན་ཁྲི་པ་དེ་ཡང་ཤེས་ཡོན་དང་ལྷག་བསམ་ཟུང་ལྡན་ཡོད་ཁར་འཇོན་ཐང་ཅན་གྱི་ན་གཞོན་ཞིག་བསླེབ་རྒྱུའི་ཐད་ཤུགས་སྣོན་རྒྱག་དགོས་པའི་འབོད་སྒྲས་བོད་བཙན་བྱོལ་སྤྱི་ཚོགས་ཀྱི་ཁོར་ཡུག་ཆུང་ཆུང་འདིའི་ནང་འུར་གྱིས་ཁེངས་བཞིན་མཆིས། དེ་བཞིན་དུ་ཁྲིམས་བཟོའི་སྤྱི་འཐུས་གྲོས་ཚོགས་ཀྱི་འཐུས་མི་དག་ཀྱང་ཤེས་འཇོན་ཟུང་ལྡན་གྱི་གཞོན་སྐྱེས་ཤ་སྟག་བསླེབ་རྒྱུའི་རེ་བའི་ཐོག་རྩོམ་ཡིག་དང་བགྲོ་གླེང་སོགས་གོ་སྒྲིག་སྣ་ཚོགས་བྱས་ཀྱིན་འདུག་མོད། འོན་ཀྱང་དོན་དངོས་ཐོག་ཚོགས་པ་དང་སྐྱིད་སྡུག་རེ་ནས་རང་གི་འདོད་ཕྱོགས་དང་ལྟ་ཕྱོགས་མཐུན་པའི་བཀའ་ཁྲི་རེ་དང་རང་གི་ཆོལ་ཁའམ་ཡང་ན་ཚོགས་པ་སོགས་མདོར་ན་རང་གི་འདོད་ཕྱོགས་གཅིག་པའི་མི་བུ་རྙིང་ཞེན་ཅན་དང་འཐེན་འཁྱེར་ཅན་དག་སྤྱི་འཐུས་ཀྱི་འོས་མིར་བདམས་པ་མ་གཏོགས་བོད་མི་རིགས་དང་རྒྱལ་ཁབ་ལ་སྨན་པའི་བསམ་པའི་བློ་མིག་ལྡན་པའི་མི་བུ་གཅིག་ཀྱང་ཁོང་ཚོས་བདམས་པ་དེའི་ནང་དུ་གཏན་ནས་ཚུད་མི་འདུག་ཅེས་ཁོ་བོས་སྤོབས་པའི་ཐོག་ནས་བཤད་ཀྱང་མ་འགྲིགས་པར་མེད་སྙམ་མོ།

༢༽ མ་ཟད་དེང་སང་སྤྱི་ཚོགས་ན་མིང་གྲགས་དང་མཐོང་ཆེན་དུ་རྩིས་བཞིན་པའི་ན་གཞོན་ཤེས་ཡོན་ཅན་དང་འཇོན་ཐང་ཅན་སྒེར་པ་དག་གིས་ཀྱང་རང་གི་བསམ་ཕྱོགས་མཐུན་པའམ་ཡང་ན་ལུང་ཚན་སོགས་རང་ཉིད་ཀྱི་ཉེ་གནས་དག་བཀའ་བློན་ཁྲི་པ་དང་གྲོས་ཚོགས་ཀྱི་འཐུས་མིར་བདམས་པ་ལས་མི་རིགས་དང་རྒྱལ་ཁབ་སྤྱི་ལ་ཕན་པའི་མི་བུ་གནའ་དེང་ཤེས་འཇོན་དང་ལྷག་བསམ་ལྡན་མཁནཞིག་འདེམས་ཀྱིས་མེད་པ་ནི་ཀུན་གྱིས་ཟུར་བལྟས་ལེབ་མཐོང་ཡིན། དེའི་རྒྱུ་མཚན་ནི་སྒེར་པ་སོ་སོས་རང་གི་བསམ་པའི་ཕྱོགས་དང་མཐུན་པའམ་ཡང་ན་རང་གི་ཉེ་གྲས་ཤིག་བསླེབ་ཐུབ་ན་ལྷག་བསམ་དང་ཤེས་འཇོན་ཡོིད་མེད་ཀྱི་ཁྱད་པར་མེད་པར་འདོད་བློ་ཚིམ་པས་སོ།

༣༽ མདོར་ན་འབྱུང་འགྱུར་གྱི་བཀའ་བློན་ཁྲི་པའི་ཞབས་སྟེགས་ནི་གཅིག་རང་ལས་ད་ལྟའི་ཚོགས་སྐྱིད་དང་གང་ཟག་སྒེར་པ་སོ་སོས་བཏོན་པའི་འོས་མི་ཡོད་དོ་ཅོག་ཞབས་སྟེགས་དེར་བསླེབ་མི་སྲིད་པ་ཁྱེད་ཅག་གིས་མཁྱེན་ཡོད་ཤག་རེད། དེས་ན་གོང་དུ་དབུ་མཛད་མང་ཞལ་འདོན་འཁྲུག་ཅེས་པའི་དཔེ་ལྟར་འབྱུང་འགྱུར་བཀའ་ཁྲིའི་འོས་མི་མང་ན་ཡང་མི་མང་བྱིངས་རྣམས་མགོ་བོ་འཁྲུག་རྒྱུ་དང་མང་ཚོགས་གཅིག་སྒྲིལ་གཏོར་བའི་རྒྱུ་ལས་གཞན་དགེ་མཚན་གང་ཡང་མ་མཐོང་ངོ་།

༤༽ ལར་ནི་ཤེས་ལྡན་མི་སྣ་ཚོས་བསམ་བློ་དང་གོ་རྟོགས་ཞན་པའི་མང་ཚོགས་དག་གི་སྣེ་འཁྲིད་བྱེད་རྒྱུ་ལས་མང་ཚོགས་མགོ་བོ་རྨོངས་སུ་བཅུག་པའི་ལས་གཞི་དག་ནམ་ཡང་བརྩམ་མི་ཉེན་ལ་དོན་ངོ་མ་ཤེས་ཡོན་པ་ཞིག་གི་ཕྲག་ཏུ་བབ་པའི་འོས་འགན་ནི་མང་ཚོགས་སྣེ་འཁྲིད་བྱ་རྒྱུ་དེ་ནི་ཤེས་ལྡན་མི་སྣའི་ཟློག་ཏུ་མེད་པའི་འོས་འགན་ཞིག་ཡིན། དེ་ལས་ལྡོག་སྟེ་ལོང་བ་གཡང་འཁྲིད་བྱེད་ན་ཉེས་པ་ཚབས་ཆེན་བསགས་པ་ཡིན།

༥༽འཛམ་གླིང་ན་ཆེས་སྟོབས་ཆེན་རྒྱལ་ཁབ་དང་མང་གཙོ་ཚད་ལྡན་དུ་གྲགས་པའི་ཨ་རི་ལ་སོགས་པ་དག་གིས་ཀྱང་རང་གི་རྒྱལ་ཁབ་ཀྱི་དབུ་འཁྲིད་འོས་བསྡུར་གྱི་འགྲན་རྩོད་ནང་འོས་མི་གཉིས་སམ་གསུམ་ལས་གཞན་ཞུགས་མཁན་མེད་པ་དེའི་ཐོག་ནས་ཀྱང་ང་ཚོས་མིག་དཔེར་བླངས་ཆོག་པའི་གནད་མང་པོ་ངང་གིས་གསལ་སྟོན་བྱས་ཡོད་ལ་ཤེས་ལྡན་མི་སྣ་ཚོས་ཀྱང་འདིའི་རིགས་ཤེས་དགོས་ངེས་ཤིག་ཏུ་འཁུམས།

༦༽ གོང་དུ་བརྗོད་པ་ལྟར་མི་མང་རྣམས་མགོ་བོ་འཁྲུག་པའི་རྒྱུ་འགའ་ཞིག་དྲངས་རྒྱུ་ཡིན་དཔེར་ན ཚོགས་སྐྱིད་དང་སྒེར་པ་ག་གེ་མོ་རེ་ནས་བཏོན་པའི་བཀའ་བློན་ཁྲི་པའི་འོས་མིར་༼༡༽བཀྲས་མཐོང་བསྟན་འཛིན་རྣམ་རྒྱལ། ༼༢༽མཁས་དབང་བློ་བཟང་སེང་གེ ༼༣༽ འཁོར་ཚ་བསོད་ནམས་སྟོབས་རྒྱལ། ༼༤༽རྔ་པ་ཚེ་རྒྱམ།༼༥༽ རིན་ཆེནམཁའ་འགྲོ ༼༦༽ རྒྱ་རི་སྒྲོལ་མ། ༼༧༽ སྤེན་པ་ཚེ་རིང་།༼༨༽ བཀའ་ཟུར་རྗེ་བཙུན་པད་མ། ༼༩༽ རྟའུ་བློ་བཟང་དཔལ་ལྡན་ ༼༡༠༽ ཌོག་ཊར་དཀོན་མཆོག་བསྟན་དར། ༼༡༡༽སྐུ་ཚབ་སྐལ་བཟང་རྒྱལ་མཚན།༼༡༢༽ བཀའ་ཟུར་རྒྱ་རི་བློ་གྲོས་རྒྱལ་མཚན། ༼༡༣༽རྣམ་སྤེལ་ཚང་བློ་བཟང་སྦྱིན་པ།༼༡༤༽བུ་ཆུང་ཚེ་རིང་། ༼༡༥༽ཀརྨ་ཆོས་འཕེལ། ༼༡༦༽པད་མ་འབྱུང་གནས། ༼༡༧༽ སྟག་ལྷ་སྐལ་བཟང་དབྱངས་སྐྱིད ༼༡༨༽ རྫ་ཡུལ་བློ་བཟང་སྙན་གྲགས།༡༩༽འབྲོང་ཆུང་དངོས་གྲུབ།༢༠བཀའ་ཟུར་བཀྲ་ཤིས་དབང་འདུས།༢༡༽སྤྱི་ཟུར་ཧོར་གཙང་འཇིགས་མེད་སོགས་དང་ད་དུང་མིང་མ་ངེས་པར་མང་པོ་ལྷག་ཡོད་པ་དག་ཀྱང་མང་ཚོགས་ནས་མཁྱེན་པར་གནང་གལ་ཆེའོ།

དང་བླངས་ཅན་གྱི་བཀའ་ཁྲི་འོས་མི་ཡང་ཤིན་ཏུ་མང་བས་དེ་དག་ནི་བཟང་ཕྱོགས་ཀྱི་རྣམ་པར་གསར་པ་ཞིག་ཏུ་བགྲང་འོས་པས་ཅིས་མི་དགའ། མདོར་ན་ངས་བརྗོད་འདོད་པ་ནི་ད་རེབ་ང་ཚོའི་གཉན་འཕྲང་ཅན་གྱི་དུས་སྐབས་འདིར་རྒྱ་ཆེའི་མང་ཚོགས་རྣམས་ལྷག་བསམ་དཀར་མདོག་དང་རྒྱུས་མངའ་ཆེ་ཁུལ་བྱས་མཁན་ཚོས་གང་བྱས་ལ་མགོ་བོ་རྨོངས་ཏེ་མ་བཞུགས་པར་དོན་དངོས་ཐོག་བོད་རྒྱལ་ཁབ་དང་མི་རིགས་ཀྱི་ཆེད་ཤ་ཞེན་དང་ཅི་ཡང་བསྒྲུབ་ཕོད་པའི་བཀའ་ཁྲི་གནའ་དེང་གི་ཤེས་འཇོན་ཅན་ཞིག་གདམ་རྒྱུར་ངེས་པར་ཐུགས་བསམ་བཞེས་གལ་ཆེ་བ་མཐོང་ངོ་།།