གཞོན་ལྷན་ཚོགས་གཞོན་གྱི་ནོར་འཁྲུལ་ཐག་གཅོད།
བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ངོས་ནས་འདི་ལོའི་ཕྱི་ཟླ་༢ པ་ཡས་མས་སུ་ཨ་རིར་བོད་མི་ཁག་ཅིག་ལས་འགུལ་སྤེལ་དུ་གཏོང་རྒྱུ་ཆ་ཚང་གྲ་སྒྲིག་ཟིན་རྗེས། ཚོགས་གཞོན་དོན་འགྲུབ་རྡོ་རྗེས་ཐེངས་དེའི་ལས་འགུལ་བ་དེ་དག་ཨ་རིར་གཏོང་རྒྱུ་ཚུལ་མཐུན་མིན་སྐོར་གྱི་ཡི་གེ་ཨ་རིའི་གཞུང་ཚབ་ཏུ་བཏང་བར་བརྟེན། ལས་འགུལ་སྤེལ་ཐུབ་མེད་པ་རེད། དེ་རྗེས་དབུས་རྒྱུན་ལས་ཀྱི་ངོས་ནས་ཚོགས་གཞོན་ལ་སྐྱོན་བརྗོད་བྱས་ཏེ། ཕྱིར་འཕུད་གཏོང་རྒྱུ་ཐག་གཅོད་བྱས་ཡོད་ནའང། ཚོགས་གཞོན་གྱིས་ངོས་ལེན་མ་བྱས་པར་བརྟེན། ཐག་གཅོད་གཙང་མ་བྱེད་ཐུབ་མེད་པ་རེད།
ཚོགས་ཆེན་གྱི་ཉིན་དང་པོ་ཟླ་འདིའི་ཚེས་༢ ཉིན་གྱི་མཛད་སྒོ་གྲུབ་རྗེས་ཚོགས་མི་མ་གཏོགས་གསར་འགོད་པ་དང་ཟུར་ཉན་པ་སུ་གང་ནང་དུ་མ་བཏང་བར། རྩོད་རྙོག་དེའི་སྐོར་ལ་བགྲོ་གླེང་འགོ་འཛུགས་བྱེད་པའི་སྐབས་ཚོགས་གཞོན་ཟུར་པ་དོན་འགྲུབ་རྡོ་རྗེ་ལ་རྒྱབ་སྐྱོར་བྱེད་མཁན་རྣམས་ཀྱིས་ཚོགས་གཙོ་ཚེ་དབང་རིག་འཛིན་ལ་ཚོགས་འདུ་གཙོ་སྐྱོང་བྱེད་མ་བཅུག་པ་དང་། གཞན་དག་གིས་སྒྲིག་གཞིའི་དགོངས་དོན་བཞིན་ཚོགས་གཙོས་ཚོགས་འདུ་གཙོ་སྐྱོང་བྱེད་དགོས་ཚུལ་བརྗོད་པར་བརྟེན་རྩོད་རྙོག་ཞི་འཇགས་ཡོང་ཆེད་གཞོན་ནུའི་དབུས་རྒྱུན་ཟུར་པ་རྒྱ་རི་སྒྲོལ་མ་དང། ལྷ་བཟང་ཚེ་རིང། ཀརྨ་ཡེ་ཤེས་སོགས་ཀྱིས་ལམ་སྟོན་ལྟར་ཚོགས་གཙོས་ཚོགས་འདུ་གཙོ་སྐྱོང་དགོས་མིན་སྐོར་ལ་ཚོགས་ཞུགས་པ་ཡོངས་ཀྱིས་མང་གཙོའི་ལམ་སྲོལ་ལྟར་ཐག་གཅོད་བྱས་པའི་སྐབས་ཚོགས་གཙོས་ཚོགས་འདུ་གཙོ་སྐྱོང་དགོས་པ་མང་མོས་ཀྱིས་ཐག་གཅོད་བྱས་ནས་ཚོགས་གཙོ་ཚེ་དབང་རིག་འཛིན་ལགས་ཀྱིས་ཚོགས་འདུ་གཙོ་སྐྱོང་གནང་ཡོད་པ་རེད། ཐོག་མ་ཕན་ཚུན་ཚིག་མཚོན་འདེབས་རེས་བྱས་ཀྱང། དེའི་རྗེས་སུ་ཚོགས་གཞོན་གྱིས་ལས་འགུལ་བཀག་འགོག་བྱས་པ་དེ་ནོར་འཁྲུལ་ཡིན་མིན་དང། དབུས་རྒྱུན་ལས་ནས་ཚོགས་གཞོན་ཕྱིར་འཕུད་བྱས་པ་དེ་འགྲིག་ཡོད་མེད་ཁོ་ནའི་ཐོག་བགྲོ་གླེང་བྱེད་དུ་བཅུག་ནས་མཐར་ཕྱོགས་གཉིས་ཀྱིས་རྒྱུ་མཚན་གསལ་བཤད་བྱས་མཐར། ཚོགས་གཞོན་གྱི་ལས་དོན་དེ་ཚབས་ཆེའི་ནོར་འཁྲུལ་ཡིན་པ་སྤྱི་མོས་བྱུང་བ་དང། དབུས་རྒྱུན་གྱི་ངོས་ནས་ཕྱིར་འཕུད་བྱེད་སྟངས་དེ་ཡང་ནོར་འཁྲུལ་ཡིན་པར་མང་མོས་བྱུང་སྟེ། དབུས་རྒྱུན་གྱི་ཐག་གཅོད་བྱེད་མཁན་ཚོས་༧གོང་ས་མཆོག་གི་སྐུ་པར་ཁ་བཏགས་འཐེན་ནས་ཕྱག་འཚལ་དགོས་པའི་ཐག་གཅོད་བྱས་པར། ཁོང་ཚོས་ནོར་འཁྲུལ་ཤོར་བར་ངོས་འཛིན་དཀའ་ཡང། གཞོན་ལྷན་གྱི་མཐུན་སྒྲིལ་དང། མང་མོས་ཐག་གཅོད་ལ་བརྩི་བཀུར་བྱས་ཏེ། ངོས་ལེན་བྱེད་ཀྱི་ཞེས་དེ་ལྟར་བྱས་ཡོད་པ་རེད། ཚོགས་གཞོན་བཟང་སྤྱོད་ཀྱི་ཐོག་ནས་དགོངས་པ་ཞུ་དགོས་སྐོར་བརྗོད་ཡོད་ནའང། ཚོགས་གཞོན་གྱིས་ཁས་ལེན་མ་བྱས་མཐར། དགོངས་པ་ཞུ་དགོས་སྐོར་མང་མོས་བྱུང་བར་བརྟེན། མཐར་དགོངས་པ་ཞུ་དགོས་བྱུང་འདུག
དབུས་གཞོན་ལྷན་གྱི་ལས་བསྡོམས་ནང་དུ་“ཕྱི་ལོ་༢༠༡༠ ཟླ་བ་དང་པོ་དང་གཉིས་པའི་ནང་དོན་གྲུབ་རྡོ་རྗེ་ལགས་ཀྱིས་ཨ་རིའི་གཞུང་ཚབ་ལ་ཡིག་ངག་གཉིས་ནས་ཞུ་གཏུགས་ཀྱིས་གཞོན་ལྷན་གྱི་ལས་འགུལ་བ་ཁག་ཨ་རིར་འགྲོ་བར། ཕྱི་བསྐྱོད་ལག་འཁྱེར་བཀག་འགོག་བྱས་པ་མ་ཟད། གཞོན་ལྷན་གྱི་སྒྲིག་འཛུགས་ལ་མིང་བྱད་དང་དོ་ཕོགས་ཚབས་ཆེ་བཟོས་པའི་དཀའ་ངལ་རྣམས་གཙང་བཟོ་ཆེད། ཕྱི་ལོ་༢༠༡༠ ཟླ་༥ ཚེས་༥ ཉིན་དེ་སྔོན་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་སྤྱི་ཁྱབ་ཚོགས་གཙོ་ཚེ་དབང་རིག་འཛིན་ལགས་དང།” ཚོགས་མི་ཁག་ཅིག་ཨ་རིར་བསྐྱོད་དགོས་བྱུང་སྐོར་འཁོད་ཡོད་པ་རེད། དེ་བཞིན་ད་ཐེངས་ཐག་གཅོད་གནས་བབས་ག་འདྲ་ཡིན་མིན་སོགས་ཚོགས་གཙོ་ཚེ་དབང་རིག་འཛིན་ལགས་སུ་ཟླ་འདིའི་ཚེས་༣ ཉིན་གྱི་སྔ་དྲོ་གསར་འགོད་པས་བཅར་འདྲི་བྱས་ཀྱང། གནད་དོན་དེའི་ཐོག་གང་ཡང་བཤད་ཀྱི་མིན་ཞེས་གསུངས་སོང། དེ་རྗེས་དབུས་རྒྱུན་དྲིལ་བསྒྲགས་འགན་འཛིན་ཚུལ་ཁྲིམས་རྡོ་རྗེ་ལགས་སུ་དེའི་སྐོར་དྲིས་ཀྱང་ལན་འདེབས་གནང་མ་སོང། ནམ་རྒྱུན་བཤད་སྟངས་སུ་ཚོགས་གཞོན་དོན་འགྲུབ་རྡོ་རྗེ་ལགས་ཀྱི་རྒྱབ་རྩར་ཚོགས་གཙོ་ཟུར་པ་སྒོ་དྲུག་སྐལ་བཟང་ཕུན་ཚོགས་ལགས་ཡོད་སྐོར་བརྗོད་བཞིན་ཡོད་པས། སྒོ་དྲུག་སྐལ་བཟང་ཕུན་ཚོགས་ལགས་སུ་ཐེངས་ཁ་ཤས་ཁ་པར་བཏང་ཡང། དང་ཐོག་ཉིན་གུང་ཡས་མས་སུ་བཤད་ཆོག་ཅེས་གསུངས་སོང་ཡང། རྗེས་སུ་ཁ་པར་སྒོ་བརྒྱབ་ཡོད་པས། འབྲེལ་བ་བྱེད་ཐུབ་མ་སོང།
ཚོགས་གཞོན་དོན་གྲུབ་རྡོ་རྗེ་ལགས་ཀྱིས་ཨ་རིར་ལས་འགུལ་སྤེལ་རྒྱུ་བཀག་འགོག་དགོས་དོན། ཐག་གཅོད་ཆ་ཚང་བྱས་རྗེས་མ་གཏོགས་ཁོང་གིས་ཤེས་རྟོགས་མེད་སྐོར་དང། ཨ་རིར་ཕྱིན་ནས་མི་ཚུར་རྒྱ་གར་དུ་མ་ལོག་ན་ཚུལ་མཐུན་མིན་སྐོར། ལས་འགུལ་སྤེལ་དུ་འགྲོ་མཁན་ཚོའི་ནང་གཞོན་ལྷན་གྱི་ཚོགས་མི་མིན་པ་ཡོད་སྐོར་སོགས་བརྗོད་ཡོད་སྐོར་འདུག དེ་བཞིན་ཚོགས་གཞོན་དོན་གྲུབ་རྡོ་རྗེ་ལགས་ཀྱིས་ཨ་རིར་ཡི་གེ་བཏང་བའི་ནང་ལས་འགུལ་དེ་འཚེ་མེད་ཞི་བ་མིན་སྐོར་དང། ༧གོང་ས་མཆོག་གིས་བཀའ་དགོངས་མིན་སྐོར། དེ་སྔོན་གྱི་གཞོན་ལྷན་གྱི་ལས་འགུལ་ལ་༧གོང་ས་མཆོག་བཀའ་དགོངས་ཡིན་སྐོར་འཁོད་འདུག་ཅེས་བརྗོད་དེ་ཚོགས་མི་མང་པོས་ཤུགས་ཆེ་ཤོས་དེའི་ཐོག་སྐྱོན་བརྗོད་བྱས་ཡོད་པ་རེད།
ཚོགས་གཞོན་དོན་འགྲུབ་རྡོ་རྗེ་ལགས་སུ་ཁ་པར་བཏང་ནས། གནད་དོན་དེའི་མཐའ་མའི་ཐག་གཅོད་བྱེད་སྟངས་ཐོག་དགོངས་ཚུལ་གང་ཡོད་དྲིས་ཀྱང། ཅུང་སྒུག་རོགས་ཞེས་གསུངས་སོང། ཆུ་ཚོད་གཉིས་ལྷག་རིང་བསྒུག་མཐར་ཁ་པར་ཐོག་འབྲེལ་བ་བྱུང་ཡང། གསལ་བཤད་གང་ཡང་བྱེད་རྒྱུ་མེད་སྐོར་གསུངས་པ་ལས། རྒྱུ་མཚན་གང་ཡང་བཤད་ཀྱི་མི་འདུག
དེ་རྗེས་ནེའུ་འཇིར་སིའི་ས་གནས་གཞོན་ནུའི་ཚོགས་གཙོ་ཟུར་པ་ཕུར་བུ་ཚེ་རིང་ལགས་སུ་ཐག་གཅོད་བྱེད་སྟངས་དེར་དགོངས་ཚུལ་གང་ཡོད་བཅར་འདྲི་ཞུས་པར། ཁོང་གིས་ཐག་གཅོད་དེ་ཡག་པོ་བྱུང་སོང། ང་ཚོས་སྒྲིག་གཞི་གཞིར་བཟུང་དགོས་ཀྱི་ཡོད་བརྗོད་པ་རེད། དོན་འགྲུབ་རྡོ་རྗེས་ནོར་ཡོད་པ་དེ་སྤྱི་མོས་བྱུང་བ་རེད་ཅེས་གསུངས་སོང། དེ་བཞིན་ས་གནས་ཁག་ནས་ཡོང་བའི་ཚོགས་ཞུགས་པ་ཁག་ཅིག་ལ་གནད་དོན་དེའི་ཐོག་དགོངས་ཚུལ་གང་ཡོད་དྲིས་ཀྱང་ལན་འདེབས་གནང་མཁན་རག་མ་སོང།།
{jcomments on}