དར་དམར་འོག་གི་གངས་སེང༌།
ལོ་རྒྱུས་གསང་བ་ཆེན་མོའདི། །
དུས་ལ་བབས་པའི་ཉན་བརྡ་ཞིག །
གསུམ་གཅིག་བཞི་ཡི་ཉིན་མོ་ལ། །
ལྷ་སར་བྱུང་བ་ཀུན་གྱིས་ཤེས། །
ཆར་རྗེས་ཤ་མོ་བརྡོལ་བ་ལྟར། །
བོད་ཀྱི་ཡུལ་ལུང་ཀུན་ཏུ་མཆེད། །
དེ་ནི་བོད་མིའི་སེམས་ཁོང་དུ། །
ཡུན་རིང་ཉར་བའི་ཚོར་བ་ཡིན། །
བཙན་དབང་གཉའ་གནོན་ཚོད་མེད་དང༌། །
གཡོ་དང་བསླུ་བྲིད་སྣ་ཚོགས་ཀྱིས། །
དམྱལ་བ་མི་ཡུལ་འཕོས་པ་ལྟར། །
ལོ་མང་མྱངས་པ་ཕྱིར་བསྒྲགས་བྱས། །
ཀྲུང་གོའི་ཆེས་མཐོའི་དཔོན་རིགས་ཚོས། །
ཏཱ་ལའི་བླ་མར་དགྲར་བལྟས་ཤིང༌། །
དམངས་ཀྱི་སེམས་ལ་ཕོག་ཐུག་བཏང༌། །
ཞི་མོལ་སྒོ་མོ་བཙན་གྱིས་བརྒྱབས། །
ཐད་ཝན་སྐམ་ས་ཆེན་མོ་ཡི། །
འབྲལ་ཐབས་མེད་པའི་ཆ་ཤས་ཤིག །
གསལ་བསྒྲགས་དགོས་པའི་ཆ་རྐྱེན་དེ། །
ང་ཚོར་འབྲེལ་བ་ནམ་ཡང་མེད། །
འགྲོ་བ་མི་ཡི་ཐོབ་ཐང་དང༌། །
སྨྲ་བརྗོད་རང་དབང་གང་ཅིའང་རུང༌། །
རྒྱ་ནག་མ་གཏོགས་ཕལ་མོ་ཆེའི། །
ཡུལ་ལུང་ཀུན་ཏུ་ཤིན་ཏུ་དར། །
ྋགོང་ས་ལྷ་མིའི་རྣམ་འདྲེན་གྱིས། །
ཀྲུང་ཧ་མེས་རྒྱལ་ཆེན་མོ་ཡི། །
རྩ་ཁྲིམས་འོག་ནས་དབུ་མའི་ལམ། །
གཉིས་ཕན་ལམ་ཞིག་འཚོལ་བཞིན་ཡོད། །
སེམས་ཁམས་ལ་སྨྱོས་ནད་ཐེབས་ཤིང༌། །
ཡན་ལག་དང་དབང་པོ་ཉམས་པ། །
རིན་ཆེན་གྱི་སྲོག་དབང་ཤོར་བ། །
བོད་རིགས་ཀྱི་སྤུན་ཟླ་མང་ངོ༌། །
ལོ་རྒྱུས་འཁྱོག་བཤད་ལ་མཁས་ཤིང༌། །
གཞི་མེད་བསྐུར་འདེབས་ལ་དགའ་བའི། །
རྒྱ་ནག་དམར་པོ་ཡི་གཞུང་ལ། །
བསྐྱར་འདང་གསལ་འདེབས་སུ་གྱུརསོང༌། །
ཕྱི་དཔལ་འབྱོར་གྱི་འཛུགས་སྐྲུན་སྔོན་ཐོན་ཡང༌། །
ནང་ལེགས་བྱང་གི་ཆ་རྐྱེན་རྗེས་སུ་ལུས། །
དམག་དེང་རབས་ཀྱི་སྟོབས་ཤུགས་ཆེ་ན་ཡང༌། །
དམངས་སེམས་ངོས་ཀྱི་ཞི་བདེ་བསྐྲུན་མི་ཐུབ། །
བོད་གངས་ཅན་རང་དབང་འཐབ་རྩོད་འདི། །
དུས་ཐུང་ངུའི་ལས་འགུལ་ཐེངས་ཤིག་གིས། །
བསྒྲུབས་ཐུབ་པའི་ལས་ཀ་མིན་ན་ཡང༌། །
འཐབ་སྙམ་པའི་སྙིང་སྟོབས་ངར་ལྡུད་དགོས། །
༢༠༠༨ ཕྱི་ཟླ་ ༣ ཚེས་ ༢༠ ཉིན་བྲིས།