འགྱོགས་བྲིས་དུས་གཏམ་མ།

ཅ་ཅོའི་གཏམ་ནི་སྲང་མདོའི་ཁྱི་ལྡོམ་བཞིན།།

ཆ་འཇོག་འོས་པའི་གནས་ལུགས་མ་མཆིས་མོད།།

ཇ་དཀར་ལག་ཏུ་བཏེགས་པའི་ཞོར་ལས་སུ།།

ཉ་རྒྱས་ཟླ་བ་ལྟ་བུའི་གཏམ་རེ་སྤྲོ།།


ཏཱ་ལའི་བླ་མ་དུས་ཀྱི་ཕོ་ཉ་རེད།།

ཐ་ཆད་ང་ཚོ་རྡོག་སྣ་ཐོགས་ས་རེད།།

ད་རེས་དམངས་ཀྱི་ནུས་ཤུགས་སྒྲིམ་རན་མོད།།

ན་ནིང་ལས་ཀྱང་ཐུ་པའི་ལས་བྱས་བྱུང་།།


པ་ཕའི་རྣམ་ཤེས་དགྲ་ཡི་རྗེས་འདེད་རེད།།

ཕ་ཆོས་བཟང་པོ་གཤེད་ཀྱི་གནོད་ས་རེད།།

བ་ཤ་གསོས་པ་ལྐོག་གཟའ་བྱ་རྒྱུ་རེད།།

མ་གྱུར་སེམས་ཅན་ངག་གི་མཛེས་རྒྱན་རེད།།


ཙ་རི་མཐོན་པོ་སེམས་ཀྱི་དུང་ས་རེད།།

ཚ་བ་དམར་པོ་ལུས་ཀྱི་ལས་དབང་རེད།།

ཛ་དྲག་མི་ཚེ་ཞེད་སྣང་སྐྱོ་སྣང་རེད།།

ཝ་མོ་བཞིན་དུ་ངུ་བཞིན་འཁྱམ་བཞིན་འགྲོ།།


ཞ་བོའི་སྨྱུག་གུ་ལག་ཏུ་འབྱོར་ན་ཡང་།།

ཟ་འདོད་མེད་པའི་སེམས་ཀྱིས་ལྷོད་ལྷོད་དེད།།

འ་རེ་འུར་རེའི་འཆོལ་ཉོག་སྤྱོད་པ་རྣམས།།

ཡ་རབས་མེད་པའི་ཉེས་ལྟུང་འབྱུང་ས་རེད།།


ར་མ་བྱེད་རྒྱུ་མང་ཡང་རིལ་མ་ཡོད།།

ལ་མོར་འཛེགས་རྒྱུ་དཀའ་ཡང་ཐུ་ལམ་ཡོད།།

ཤ་ཁྲག་སྤྲེ་འུས་བྱིན་པའི་གདུང་རྒྱུད་ཚོས།།

ས་ཆེན་མཐོ་སར་བསྡད་པའི་རྡོག་ཁྲལ་སྤྲོད།།


ཧ་ལོའི་དུག་ལས་ལོད་པའི་སྒེར་གཤིས་དང་།།

ཨ་ཙ་དགྲ་ལས་རྩུབ་པའི་གཏུམ་སྤྱོད་དག།།

ཧ་ཆ་ཤར་རེ་རྒྱང་ནས་མཐའ་རུ་སྐྲོད།།

ཨེ་མ་ཧོ་ཡི་གནས་ལ་ཤུགས་སྣོན་རྒྱོབས།།

༢༠༡༠་༧་༢༨ ཉིན།