སྐྱེས་སྐར་ཐོག་མའི་ཤིས་ཚིག
བུ་མོ་ཆུང་ཆུང་ཁྱེད དོན་དངོས་སུ
སྐྱེ་བ་ནས་ང་དང་ཅི་ཞིག་གི་འབྲེལ་བ་ཡོད་མེད་སུས་ཤེས
འོན་ཀྱང་ ད་རེབས་ཕ་བུའི་མིང་ཐོག་ནས་ཁྱེད་རང་སླེབས
འཛམ་གླིང་འདིར་སླེབས་ནས་ལོ་ངོ་གཅིག
ཏག་ཏག ལོ་ངོ་གཅིག་ཏག་ཏག་འགོར་སོང་
དེ་རིང་ནི་ཕྱི་ལུགས་ཀྱི་སྲོལ་ཞིག་འབྲེལ་བའི་གཏམ་རྒྱུད་དེ
སྐྱེས་སྐར་གྱི་ཉིན་མོ་ཞིག་བསུས་དུས
ཁྱེད་ཀྱི་མཐའ་བསྐོར་དུ་ཕ་ངོ་ཤེས་མཁན་དང་མ་ངོ་ཤེས་མཁན་འགའ
མི་ཚེའི་ཤིས་ཚིག་སྒྲོག་མཁན་མི་ཉུང་བ་ཞིག་འཁོར
དེ་དུས ཁྱེད་ཀྱི་རང་གི་ལག་པ་ཆུང་ཆུང་དེ་གཉིས་གནམ་ལ་གཡུགས་ཀྱིན
མགྲོན་པོ་ཚོར སླད་མེད་ཀྱི་འཛུམ་མདངས་ཤིག་ག་ལེར་མངོན
ཁྱེད་ཀྱི་ཨ་མའི་ལག་ཟས་སྒོང་སྤོར་གྱི་གསོལ་སྟོན
ཁྱེད་ཀྱི་ཕ་རྒན་ངའི་ལག་ཟས་བོད་ཟས་འགའ
ད་དུང་ ཨ་མ་རྒན་མོའི་ཉོས་པའི་མངར་ཆུ་དང་མངར་ཆའི་རིགས
ཕྱི་མི་ཚོས་ཉོས་པའི་ལག་སྐྱེས་མི་ཉུང་བ་ཞིག
སྐྱེད་ཚལ་དེ་ནས ཁྱེད་དང་ལོ་ན་ཅུང་ཆེ་བའི་བྱིས་པ་དག་གིས
མིག་ཟུང་ཆུང་ཆུང་ཆ་མི་ཉུང་བ་འགའི་ཁྱེད་ལ་བལྟ་ཞོར
ཁྱེད་རང་གི་ལོ་ངོ་གཅིག་གི་ཚེ་སྲོག་གི་བསྟོད་གླུ་བླངས
ཁྱེད་ཀྱི་སྐྱེ་སྐར་ལ་བཀྲ་ཤིས་བདེ་ལེགས
ཁྱེད་ཀྱི་འཚོ་བ་གསར་བའི་སྨོན་འདུན་ཡོད་ཚད
ཁྱེད་ཀྱི་བྱིས་པའི་ལང་ཚོའི་མེ་ཏོག་རེ་རེ
དབྱར་དགུན་སྟོན་དཔྱིད་ཀྱི་རྨི་ལམ་མཐའ་དག
བསམ་དོན་ལྷུན་འགྲུབ་ཡོང་བར་ཤིས་ཚིག་ཡོད