སྡེ་དགེ་འཇོ་མདའ་ཁུལ་དུ་བོད་མི་གཉིས་ལ་ཁྲིམས་ཆད།

ན་ནིང་སྡེ་དགེ་འཇོ་མདའ་རྫོང་ཁོངས་ནས་བོད་མི་མང་པོ་ཞིག་གིས་ས་ཞིང་མ་བཏབ་སྟེ་རྒྱ་གཞུང་ལ་མི་འདོད་པའི་རྣམ་འགྱུར་ཤུགས་ཆེ་བསྟན་སྐབས་རྒྱ་གཞུང་གིས་བོད་མི་ཞིང་དང་པོ་རྨོ་མཁན་ལ་སྒོར་ཁྲི་བརྒྱ་སྤྲོད་རྒྱུ་ཡིན་ཚུལ་སོགས་བཤད་ཀྱང་བོད་མི་རྣམས་ཀྱིས་ཁས་བླངས་མེད་པ་དང༌། རྒྱ་གཞུང་གིས་ཡར་ལངས་ཞིང་བྲན་ཁྲི་ཚོ་བརྒྱ་ལ་བཅིངས་འགྲོལ་ཐོབ་པའི་དགའ་སྟོན་ལེགས་སྐྱེས་ཆེད་ཡིན་ཟེར་ཏེ་རླངས་འཁོར་ཆེ་ཆུང་མང་པོ་སྤྲད་འཆར་བྱས་ཀྱང་བོད་མི་རྣམས་མ་གྲོས་བསམ་པ་གཅིག་མཐུན་གྱིས་མི་སུ་གང་གིས་རླངས་འཁོར་བླངས་མེད་པ་དང༌། ྋགོང་ས་མཆོག་ལ་མཚན་སྨད་སྐུར་འདེབས་དགོས་པ་སོགས་ལ་དང་དུ་བླངས་མེད་པ་རེད།

ད་ལོ་ཡང་རྒྱ་གཞུང་གིས་ས་ཞིང་འདེབས་ལས་མ་བྱས་ན་མི་འགྲིག་པའི་བཙན་བཀའ་ཤུགས་ཆེ་བཏང་ཡོད་པ་དང༌། དཔྱིད་ཀ་ཙམ་ལ་གདོང་སྒྲ་གྲོང་ཚོའི་ལྷ་ཁང་དུ་སིདྷི་དང་མ་ཎི་སྒྲུབ་བའི་སྐབས་བོད་མི་རྣམས་ཀྱིས་གཅན་གཟན་གྱི་ལྤགས་རིགས་མེ་སྲེག་གཏོང་བས་རྒྱ་གཞུང་གི་ཉེན་རྟོག་པ་དང་དམག་མི་བརྒྱ་ལྷག་འབྱོར་ཏེ་བཀག་འགོག་བྱས་པ་དང༌། བོད་མི་མང་པོ་ལ་ཚད་ལས་འདས་པའི་ཉེས་བརྡུང་བཏང་སྟེ་ཤང་ནང་དུ་བཀའ་འགུག་སྐབས་གོང་གསལ་བོད་མི་གཉིས་ནས་རྒྱུ་མཚན་གསལ་བརྗོད་བྱས་པར་བརྟེན་འཛིན་བཟུང་བཀག་ཉར་བྱས་པ་མ་ཟད། མཐར་འཇོ་མདའ་རྫོང་ནས་ཁྲིམས་ཐག་བཅད་དེ་བཙོན་འཇུག་བྱས་ནས་ཟླ་གྲངས་མང་པོ་འགྲོ་བཞིན་ཡོད་འདུག་ཀྱང་ཟླ་དུས་ཚེས་གྲངས་སོགས་ཞིབ་ཕྲ་ཤེས་རྟོགས་བྱུང་མི་འདུག ད་སྐབས་ས་གནས་དེར་ཉེན་རྟོག་པ་དང་དམག་མི་མང་པོ་རྒྱུན་སྡོད་བྱེད་བཞིན་ཡོད་འདུག་པ་དང་བོད་མི་མང་པོ་ཞིག་ལ་སུན་བཙིར་ཡང་ཡང་བཏང་རྐྱེན་རི་མགོ་སོགས་སུ་བྲོས་བྱོལ་དུ་འགྲོ་དགོས་ཆགས་ཡོད་པའི་གནས་ཚུལ་འདུག་པ་བཅས།།

དགེ་བཤེས་སྨོན་ལམ་མཐར་ཕྱིན་གྱི་ཟིན་བྲིས་ལས་བཏུས།

{jcomments on}