བཀའ་བློན་ཁྲི་བའི་བགྲོ་གླེང་གི་ཕྱོགས་སྡོམ་ཞིག

དེ་བཞིན་ང་ཚོའི་མང་གཙོ་ནི་ལུང་བ་གཞན་ལྟར་འཐབ་རྩོད་དང་དཔུང་ཤེད་ཀྱི་ལམ་ནས་འཐོབ་སོང་བ་མིན་པ།  འཇིག་རྟེན་ཞི་བདེ་ལ་སྦྱོར་བའི་དེད་དཔོན་ཞིག་གིས། དུས་རབས་ཀྱི་འགྲོས་དང། གདུལ་བྱའི་བསོད་ནམས་ལ་དགོངས་ཏེ། དགྱེས་ཤིང་འཛུམ་པའི་ངང་གནང་བའི་ས་སྟེང་གི་མིག་དཔེར་བཟང་པོ་ཞིག་རེད།

འོན་ཀྱང་མང་གཙོའི་ཁེ་དབང་ལོངས་སྤྱོད་མྱངས་མེད་པ་དང། ཆབ་སྲིད་ལ་དོ་སྣང་ཆུང་བ། སྲིད་དོན་ཚོགས་པའི་དྲིལ་བསྒྲགས་སོགས་ཀྱིས་བསྐུལ་མ་རྒྱག་མཁན་མེད་སྟབས། བོད་མི་ཚོས་སྐབས་དང་པོ་གཉིས་ཀྱི་འོས་འཕེན་ཐད་རིམ་པས་ཉམས་ཆག་ཆེན་པོ་བཏང་ཡོད།

དེ་ཡང་ཕྱི་ལོ་༢༠༠༡ གི་ལོར། སྐབས་དང་པོའི་བཀའ་ཁྲིའི་འོས་བསྡུའི་དེབ་སྐྱེལ་བྱེད་མཁན། ༨༢༦༢༠། བྱུང་ཡོད་ཀྱང་། འོས་འཕེན་མཁན ༤༣༣༠༢། ལས་བྱུང་མེད། དེ་བཞིན་ཕྱི་ལོ་ ༢༠༠༦ གི་ལོར། དེབ་སྐྱེལ་བྱེད་མཁན། ༧༢༠༠༠། བྱུང་ཡོད་ཀྱང་། འོས་འཕེན་མཁན། ༣༢༢༠༥། ལས་བྱུང་མེད།

དེ་ལྟར་ང་ཚོའི་མཐུས་ཤོར་དང་། ལོ་རྒྱུས་ཀྱི་གོད་ཆག་དེ་དག་ལས་བསླབ་བྱ་བླངས་ཏེ། ད་ཐེངས་ཀྱི་འོས་ཤོག་འདི་ཁོར་ཡུག་དང་། ཚད་གཞི་ལོང་བའི་བོད་མི་ཚང་མས་ཆ་ཤས་ལེན་ཐུབ་རྒྱུའི་ཐབས་ཇུས་སྤེལ་བ་ནི་གལ་གནད་ཆེན་པོ་ཞིག་ལོས་ཡིན།

འོན་ཀྱང་མང་ཚོགས་ཀྱི་ངོས་ནས་འོས་ཤོག་འཕེན་རྒྱུའི་ཆ་ཤས་བླངས་ཀྱང། རང་ཚུགས་དང་ཆ་རྒྱུས་མེད་པ། རི་བོང་རྐྱལ་འགྲོགས་དང། མི་ངོ་གཡམ་རྒྱུག་གི་ལམ་ཁར་སོང་ན། ཕན་ལས་གནོད་སྲིད་པར་བརྟེན། མང་ཚོགས་ཀྱི་ངོས་ནས་ཐོག་མ་སུ་ཞིག་བཀའ་ཁྲི་འོས་མིན་གྱི་དགེ་ཕན་ཤེས་པ་བྱ་རྒྱུ་དང་། དེ་ནས་ཡང་དག་པའི་འགན་ཁུར་རང་བཞིན་ལྡན་པའི་ཆ་ཤས་བླངས་ནས། ཕུལ་བྱུང་གི་བཀའ་ཁྲི་ཞིག་གདམ་ཐུབ་དགོས་རྒྱུ་ནི་མ་འོངས་བོད་ཀྱི་རྩ་དོན་ལ་འགན་ཁུར་བྱས་པ་ཞིག་དང་། སྒོས་སུ་རང་རང་སོ་སོའི་འདུག་ཆུས་སྒྲུབ་པ་ཞིག་རེད་སྙམ།

དེ་བཞིན་སྐྱེས་བུ་སུ་ཞིག་མགོ་ནག་བོད་ཀྱི་དབང་ཤུགས་མཐོ་བའི་ཁྲི་ཁར་སླེབས་ན། དེས་ཀྱང་མི་རིགས་དང་རྒྱལ་ཁབ་ཀྱི་འཐབ་རྩོད་ཐད་སྲིད་དོན་རིག་པའི་འཕྲུལ་འཁོར་དང་། མནའ་དེང་ཟུང་དུ་ལྡེབ་ཀྱིན་ཆོས་རིག་འཛིན་སྐྱོང་དང་ཤེས་བྱ་ནང་འདྲེན། མ་ཟད་མང་ཚོགས་ཀྱི་འཕྲལ་ཕུགས་འཚོ་བའི་ཐད་ནས་བཟུང་སྟེ། འགན་ཁུར་དང་། ནུས་ཤུགས་བསྒྲིམས་ནས་ཇི་ལྟར་ལག་ལེན་བསྟར་དགོས་མིན་སོགས་ནི་དོན་པོ་ཆེར་སོང་བར་བརྟེན།

འདི་ལོའི་༧གོང་ས་མཆོག་གི་འཁྲུངས་སྐར་དུས་ཆེན་དང་བསྟུན་ཏེ་ཕྱི་ཟླ་༧ ཚེས་༦ ཉིན ། བང་ཆེན་དྲྭ་རྒྱའི་ཐོག་འབའ་བ་སྐལ་བཟང་ཕྲིན་ལས་དང་གུས་པ་འཆམ་ར་དྲི་མེད་རྒྱལ་མཚན་གཉིས་ཀྱིས་༼སྐབས་གསུམ་པའི་བཀའ་བློན་ཁྲི་བ་གླེང་བ་༽ཞེས་པའི་བགྲོ་གླེང་ཞིག་ཉིན་གཅིག་རིངགོ་སྒྲིག་ཞུས་རྒྱུ་བྱུང་།

དེ་ཡང་༼སྐབས་གསུམ་པའི་བཀའ་བློན་ཁྲི་བ་འཚོལ་བ་༽ཞེས་པ་དང་། ༼སྐབས་གསུམ་པའི་བཀའ་བློན་ཁྲི་བའི་འགན་འཁྲི༽ཞེས་པའི་བརྗོད་བྱ་ཁག་གཉིས་སུ་བསྒོས་ནས་བགྲོ་གླེང་གི་སྡིངས་ཆ་བཟོས་པ་རེད།

སྐབས་དེར་ཕྱོགས་མཐའ་ཁག་གི་བོད་རིགས་ཤེས་ལྡན་པ་ཉི་ཤུ་ལྷག་གཅིག་ལྷན་ཞུགས་གནང་ཡོད་ལ། དེ་དག་ཚང་མས་ཀྱང་ཁུངས་དང་རྒྱུ་མཚན་རིམ་པ་བགྲང་སྟེ། མ་འོངས་བོད་ཀྱི་བཀའ་ཁྲི་སུ་ཞིག་འོས་མིན་དང་། དེས་ཀྱང་ཇི་ལྟར་འགན་ཁྱེར་ནས་སྣེ་ཁྲིད་བྱ་དགོས་མིན་སོགས་བགྲོ་གླེང་ལྷུག་པོར་གནང་པ་རེད།

དེའི་ནང་ནས་བརྗོད་གཞི་དང་པོ། སྐབས་གསུམ་པའི་བཀའ་ཁྲི་དེ་བཙན་བྱོལ་སྤྱི་ཚོགས་ནང་ནས་སུ་ཞིག་འོས་མིན་ཐད་ཞིབ་དཔྱད་ཀྱིས་གླེང་ཡོང་དུས། བརྒྱ་ཆ་མང་ཤོས་ཀྱིས། མཁས་དབང་བློ་བཟང་སེང་གེ་ལགས་བདམས་གནང་གི་འདུག་ལ། སྤྱི་མཐུས་ཀརྨ་ཆོས་འཕེལ་དང་། བཀྲས་མཐོང་བསྟན་འཛིན་རྣམ་རྒྱལ། ཚོགས་གཙོ་སྤེན་པ་ཚེ་རིང་། རྔ་བ་ཚེ་རྒྱམ། རྒྱ་རི་སྒྲོལ་མ་བཅས་གདམ་མཁན་ཡང་བྱུང་སོང་།  དང་པོ་བློ་བཟང་སེང་གེ་ལགས་གདམ་གནང་མཁན་གྱི་བགྲོ་གླེང་བ། སྤྱི་མཐུས་ལས་ཐོག་དང་བང་ཆེན་རྩོམ་སྒྲིག་པགསེར་རྟ་ཚུལ་ཁྲིམསལགས་ཀྱིས།

༡ བློ་བཟང་སེང་གེ་ནི་བཙན་བྱོལ་སྤྱི་ཚོགས་ནང་དེང་དུས་ཀྱི་ཤེས་ཡོན་ལག་ཁྱེར་མཐོ་ཤོས་ཀྱི་མཁས་དབང་ཞིག་ཡིན་པ་དང་།

༢ བཙན་བྱོལ་གཞུང་དང་སྤྱི་ཚོགས་ལ་ཞིབ་འཇུག་ཚད་ལྡན་བྱས་ཏེ་དེབ་འབྲི་མཁན་ཐོག་མ་ཡིན་པ།

༣ བཙན་བྱོལ་སྤྱི་ཚོགས་ནང་ཁུལ་གྱི་སྲིད་དོན་འཐེན་ཁྱེར་དང་འབྲེལ་བ་མེད་པ་རང་ཚུགས་ཐུབ་པའི་དགེ་མཚན་ཡོད་པ།

༤ འཛམ་གླེང་གི་དཔོན་རིགས་སུ་ཞིག་དང་བགྲོ་གླེང་གནང་དགོས་ཀྱང་སྐད་རིགས་དང་སྐད་ཆའི་སྒྱུ་རྩལ་ཐོག་ནས་ཁྱད་ཆོས་ཡོད་པ།

༥ འཛམ་གླིང་གནས་སྟངས་དང་། རང་དབང་འཐབ་རྩོད་ཇི་ལྟ་བྱ་དགོས་མིན་ཐད་ལོ་རྒྱུས་སོགས་ལ་རྒྱུས་མངའ་ཡོད་པ།

༦ དཔོན་དང་སྐུ་དྲག་གི་རིགས་རྒྱུད་མིན་པ་ཁྱིམ་ཚང་དཀྱུས་མ་ཞིག་ཏུ་སྐྱེས་ཤིང་རང་གི་ནུས་པ་ལ་བརྟེན་ནས་སྤྱི་ཚོགས་ནང་འབུར་དུ་ཐོན་པའི་མི་སྣ་ཞིག་ཡིན་པ།

༧ བཙན་བྱོལ་ནང་དུ་༧གོང་ས་མཆོག་གཅིག་པུ་མིན་པ་མི་རབས་གསར་བ་འཇོན་ནུས་ཅན་ཡོད་པ་མཚོན་ཐུབ་པའི་ཁྱད་ཆོས།

༨ ལོ་ན་མཚམས་ཤིང་ཕྱོགས་ཀུན་གྱི་ཤེས་ཡོན་ཚང་བ་བཅས་ཀྱི་འོས་ཆོས་བགྲངས་ནས་བཀའ་ཁྲི་བདམས་གནང་སོང་།

ཡང་ཁོང་གིས་བཀའ་ཁྲི་དེ་ཡིན་གཅིག་བཙན་བྱོལ་བོད་མིའི་ཐོབ་ཁུངས་མཉམ་མཁན་ཞིག་དགོས་པའང་ཞོར་དུ་གསུངས་སོང་།

ལི་ཐང་དབྱིག་གཉེན་ལགས་ཀྱི་བཀའ་ཁྲིའི་འོས་ཆོས་གསུམ་བཞག་ནས་བློ་བཟང་སེང་གེར་རྒྱབ་སྐྱོར་གནང་སོང་།

༡་ང་ཚོ་བཙན་བྱོལ་དུ་ལོ་ངོ་སྟོང་ཕྲག་མང་པོ་སྡོད་དགོས་ཀྱང་། དེར་ལྟར་གནས་ཐུབ་པའི་ནུས་པ་ལྡན་མཁན་ཞིག་དགོས།

༢་བཙན་བྱོལ་གཞོན་སྐྱེས་ཚོ་མི་རིགས་གཞན་གྱི་བྲན་གཡོག་རྒྱུག་མི་དགོས་པ་རང་གི་རྐང་བའི་ཐོག་ལང་ཐུབ་པ་དང་། བོད་མི་རིགས་ཀྱི་ངོ་བོར་མཚོན་ཐུབ་པ་བྱེད་པའི་ནུས་པ་ལྡན་མཁན་ཞིག

༣་བོད་རྒྱ་འབྲེལ་མོལ་འདི་དོན་སྙིང་ལྡན་པའི་ནུས་པ་འདོན་ཐུབ་མཁན་ཞིག་དགོས་ཞེས་གསུངས་་གནང་སོང་།

བེ་རི་དཔལ་ལྡན་རྣམ་རྒྱལ་ལགས་ཀྱིས་བཀའ་ཁྲིའི་འོས་ཆོས་གསུམ་བགྲང་ནས་བློ་བཟང་སེང་གེ་ལགས་ལ་རྒྱབ་སྐྱོར་གནང་སོང་།

དང་པོ། བཅའ་ཁྲིམས་རིན་པོ་ཆེའི་དགོངས་དོན་ལྟར་འོས་ཆོས་ཚང་དགོས་པ།
གཉིས་པ། ལོ་རྒྱུས་ཐོག་སྤྱི་ཚོགས་ནང་རྙོག་གླེང་མེད་པ།
གསུམ་པ། རྨོངས་དད་མེད་པར་རང་དབང་གི་རྣམ་དཔྱོད་ལྡན་པའི་གཞོན་སྐྱེས།

རྒྱལ་ཐང་ཡོན་ཏ་ལགས་ཀྱིས་བཀའ་ཁྲིའི་འོས་ཆོས་གསུམ་བགྲངས་ནས་བློ་བཟང་སེང་གེར་གདམས་སོང་།

༡བོད་ཀྱི་རྩ་དོན་ལ་ལྷག་རྣམ་དག་གིས་ཤ་ཞེན་ཡོད་པ་དང་

༢ཕྱོགས་ཞེན་གཡན་ལྷུང་གི་ལྟ་བ་མེད་པ། གནའ་དེང་གི་ཤེས་ཡོན་གྱིས་ཕྱུགས་པ་

༣ལྟ་བ་དང་བསམ་བློ་གསར་པའི་གཞོན་སྐྱེས་ཞིག་ཡིན་པ་སོགས་ཀྱིས་ཡིན།

བང་ཆེན་གསར་འགོད་པ་ནགས་ཕྲན་པ་བསོད་ནམས་ཚེ་རིངལགས་ཀྱི་བཀའ་ཁྲིའི་འོས་ཆོས།

༡་བཙན་བྱོལ་ནང་སྐྱེས་ཤིང་རྒྱལ་སྤྱིིའི་མཚན་མཐོང་ལྡན་མཁན་ཞིག་དང་།

༢་ལོ་རྒྱུས་ནང་རྙོག་གླེང་མེད་པ།

༣་བོད་ཀྱི་རྩ་དོན་སྒྲུབ་ཕྱོགས་ལ་འཆའ་གཞི་རན་པོ་གནང་ཐུབ་མཁན་ཞིག་དགོས་ལ།

བུད་མེད་བཀའ་བློན་བསྐོ་རྒྱུ་ནི་ད་ལྟ་རན་པོ་མེད་གསུངས་སོང་།

ཤམ་བྷ་ལའི་ཕོ་ཉའི་དྲྭ་རྒྱའི་དོ་དམ་པ་སངས་རྒྱས་རྡོ་རྗེལགས་ཀྱིས་

མི་རབས་གསར་པ་ཞིག་ཡིན་པ་གང་ཞིག་ལ། དེ་སྔོན་རྙོག་གླེང་མེད་པ། བསམ་བློ་ཁོག་ཡངས་མོ། སྐུ་དྲག་གི་རིགས་བརྒྱུད་མིན་པ། བོད་ཕྱི་ནང་གཉིས་ཀྱི་བོད་མི་རྒན་གཞོན་དར་གསུམ། འབྱོར་དབུལ་འབྲིང་གསུམ་གྱི་བོད་མི་རྣམས་ཀྱིས་བོད་རྒྱ་གཉིས་ལ་བཅང་པའི་གསམ་ཚུལ་རབ་ཙམ་རྟོགས་ཐུབ་མཁན་ཞིག་ངེས་པར་དུ་དགོས་ཀྱི་ཡོད་པ་རེད་ཅེས་གསུངས་སོང་།

སྤྱི་མཐུས་ཀརྨ་ཆོས་ལ་འཕེལ་ལགས་བཀའ་ཁྲིའི་འོས་གཞིར་གདམ་མཁན། འཆམ་ར་དྲི་མེད་རྒྱལ་མཚན་གྱི་བཀའ་ཁྲིའི་འོས་ཆོས། ༡་་གནས་ཡུལ་རྒྱ་གར་དུ་སྐྱབས་བཅོལ་གྱི་ངོ་བོར་ལྡན་པའི་མི་སྐྱ་ལྷག་བསམ་ཅན་ཞིག་ཡིན་པ།

༢་་མནའ་དེང་གི་ཤེས་ཡོན་ལྡན་ཞིང་འདས་པའི་ལོ་རྒྱུས་ནང་ཞབས་འདྲེན་ཞུས་པའི་ནོག་ཉེས་ཆེན་པོ་དེ་འདྲ་མེད་པ།

༣་་རང་ཚུགས་ལྡན་ཞིང་སྤྱི་མཐུས་ཚོགས་གཙོ་ཡན་གྱི་ལས་གནས་འགྲིམ་པའི་ཉམས་མྱོང་ཡོད་མཁན་ཞིག།

སྤྱི་མཐུས་ཀརྨ་ཆོས་འཕེལ་ལགས་ལ་འོས་གཞི་བཏོན་་གནང་མཁན་འབའ་བ་འཆི་མེད་ལགས་ཀྱིས།

ཀརྨ་ཆོས་འཕེལ་ནི། གནའ་དེང་གི་ཤེས་ཡོན་ལྡན་ཁར་བསམ་ཕོད་པ་དང་བྱེད་ཕོད་པའི་ཁྱད་ཆོས་དང་སློབ་སྟོན་ངོ་མ་ནི་མི་བུ་དེ་དང་དེའི་བྱས་རྗེས་ཡིན་གསུངས་སོང་།

བསྟན་པ་རྒྱལ་་སོགས་ཀྱིས་བཀའ་ཁྲི་བུད་མེད་ཅིག་དང་། རྒན་པ་ཞིག་དང་བླ་མ་ཞིག་བཅས་ཡོང་བར་འདོད་མོས་མེད་པར་གསུངས་སོང་།

ཁང་གསར་རྡོ་རྗེ་ལགས་ཀྱིས།

ངས་བཀའ་ཁྲི་འདི་དགོས་ཞེས་ཐག་བཅད་རྒྱུ་མེད། ཡིན་ནའང་སྔོན་འགྲོའི་འོས་གཞི་ནང་བློ་བཟང་སེང་གེ་དང་། སྤེན་པ་ཚེ་རིང་། བཀྲས་མཐོང་ལྟ་བུ་གསུམ་བཞི་ཞིག་ཡོང་དགོས་རེད། དེ་ནས་ཁོང་ཚོས་རང་རང་གི་ལོ་ལྔའི་ལངས་ཕྱོགས་དང་། སྲིད་ཇུས། འཆར་གཞི་བཅས་མང་ཚོགས་ལ་བཤད་རྗེས་ཐག་གཅོད་ཀྱི་ཡིན་གསུངས།

ཁོང་གིས་བློ་བཟང་སེང་གེ་ལ། དོན་ཚན་གཉིས་ཀྱི་སྒོ་ནས་སྐྱོན་བརྗོད་བྱས་སོང་།

༡་དབུ་མའི་ལམ་དང་རང་བཙན་གང་རུང་ཐོག་ལངས་ཕྱོགས་གསལ་པོ་མེད་པའི་སྐྱོན།

༢་བོད་ཡིག་ཡག་པོ་མི་ཤེས་བཞིན་དུ་མ་ཤེས་ཤེས་འདོག་གིས་མང་ཚོགས་མགོ་སྐོར་གཏོང་བའི་སྐྱོན།

༣་བཀའ་ཁྲི་ནི་བོད་གཞུང་གི་དྲུང་ཆེ་ལ་བཀའ་གཏོང་མཁན་དང་། ཉིན་རེ་ཉིན་རེའི་བཀོད་འདོམས་གནང་མཁན། མང་ཚོགས་ཀྱི་འགན་ཁྱེར་མཁན་བཅས་ཡིན་དུས་ཉམས་མྱོང་མེད་པའི་སྐྱོན་ཡོད་བཅས་གསུངས་ཡོད།

རྒན་རྟའུ་ཆོས་མཛ་ལགས་ཀྱིས།

བཀའ་ཁྲིའི་འོས་ཆོས་འདི་ལྟར་བགྲང་སོང་།

ཤེས་ཡོན་དང་ཉམས་མྱོང་ཕུན་སུམ་ཚོགས་ཤིང་བློ་ཁོག་རྒྱ་ཅན། དཔའ་ངར་དང་འཇོན་ཐང་ཅན། འཛམ་གླིང་སྤྱིའི་འགྲོས་ལ་མཁས་ཤིང་ཤོད་ཕོད་མཁན་ཞིག་བཅས་

བང་ཆེན་གསར་འགོད་པ་བྲག་གཡབ་གངས་ལྷ་མོ་ལགས་ཀྱིས་བླ་མ་འདི་ཚོར་སེམས་བསམ་པའི་གཏིང་གི་ཡིད་ཆེས་གཙང་དག་ཡོད།་འོན་ཀྱང་སེར་མོའི་སྡེ་ཞིག་ལ་མོས་མཐུན་མེད།

དེས་སྐྱ་བོའི་སྡེ་འཕེལ་རྒྱས་གཏོང་མི་ཐུབ་ལ། རང་རྒྱལ་གཞན་ཕམ་གྱི་ལས་བྱ་མི་ཐུབ། དེ་བཞིན་ཕྱིའི་དངོས་པོའི་ཡར་རྒྱས་ལའང་ཚོད་འཛིན་དང་འཛེམ་ཟོན་བྱེད་ཀྱི་རེད།

ཆོས་སྲིད་ཟུང་འབྲེལ་ཟེར་བ་ནི་དུས་ཚོད་ཡོལ་ཟིན་པའི་ལམ་ལུགས་རྙིང་པ་ཞིག་རེད

དཔེར་བགྲང་ན།་ཨ་ཕས་འཇོན་བསྡད་པའི་དབང་ཆ་དེ་ངེས་པར་དུ་དུས་ལ་སླེབས་ན་འཇོན་མིན་ལ་མ་ལྟོས་པར་བུ་ལ་རྒྱུད་སྤྲད་དགོས་པ་ལྟར་རེད་ཅེས་གསུངས་སོང་།

གསེར་རྟ་ཚུལ་ཁྲིམ

སྤྱིར་ཉམས་མྱོང་ཡོད་ན་སྐྱོན་གང་ཡང་མིན་མོད། གཙོ་ཆེ་ཤོས་ལྷན་ཁང་ཁག་གི་བཀའ་བློན་དེ་དག་ཉམས་མྱོང་ཡོད་པ་རྐྱང་བསྐོ་ཐུབ་དགོས་པ་དེ་རེད། དྲུང་ཆེ་ནི་ཉམས་མྱོང་ཅན་མ་གཏོགས་སླེབས་མི་སྲིད་པ་ལྟ་བུ་རེད། ཟམ་གདོང་རིན་པོ་ཆེའི་གནང་སྟངས་དང་མི་འདྲ་བར་བཀའ་བློན་རྣམས་དང་དྲུང་ཆེ་རྣམས་ལ་ད་ལྟ་ལས་དབང་ཆ་ཆེ་ཙམ་གནང་དགོས་པ་དེ་གལ་ཆེན་པོ་རེད། སྤྱི་འཐུས་ཀྱི་ནང་ནས་དྲི་བ་གཏོང་དུས་ལྷན་ཁང་སོ་སོ་ལ་འབྲེལ་ཡོད་ལྷན་ཁང་སོ་སོའི་བཀའ་བློན་གྱིས་ལན་འདེབས་དགོས་པ་ལས། བཀའ་བློན་ཁྲི་པས་ལན་འདེབས་དགོས་པ་གང་ཡང་མེད། ཆབ་སྲིད་དང་འབྲེལ་བའི་གནད་དོན། ཡང་ན་སྤྱི་ཡོངས་བཀའ་ཤག་དང་འབྲེལ་བའི་གནད་དོན་རིགས་ལ་བཀའ་བློན་ཁྲི་པས་ལན་འདེབས་གནང་དགོས། ད་ལྟའི་ཆར་བཀའ་བློན་ཁྲི་པས་ལན་འདེབས་མང་པོ་གནང་དགོས་པ་གཙོ་ཆེ་ཤོས་ནང་སྲིད་བཀའ་བློན་དང་བཀའ་བློན་ཁྲི་པ་གཅིག་ལྕོགས་ཡིན་པས་རེད། སྐབས་རེ་བཀའ་བློན་ཁྲི་པ་ཟམ་གདོང་རིན་པོ་ཆེས་ལས་ཁུངས་ཆེ་ཁག་བཞིའི་བཀའ་བློན་མཉམ་དུ་གནང་པའང་བྱུང་སོང་། སྐབས་དེ་དུས་ལན་འདེབས་གནང་དགོས་པ་མང་པོ་ཡོད་པ་མ་ཟད། སྐབས་རེ་བཞེངས་ནས་བཞུགས་པ་མ་གཏོགས་བཞུགས་ཁོམ་མེད་པ་དེ་འདྲའང་སྔོན་རྩིས་ཀྱི་ཚོགས་དུས་ཤིག་ལ་བྱུང་བ་རེད། དེར་བརྟེན་བཀའ་བློན་ཁྲི་པ་ཆབ་སྲིད་ཀྱི་དབུ་ཁྲིད་གཙོ་བོ་ཡིན་པ་ལས། ཉིན་རེའི་ཙག་ཙིག་ལ་རྒྱུས་མྱོང་ཆེན་པོ་དེ་ཙམ་མེད་ཀྱང་དཀའ་ངལ་གང་ཡང་ཡོད་པ་མ་རེད་བསམ་གྱི་འདུག

ཁང་གས

བློ་བཟང་སེང་གེ་ལ་ཉམས་མྱོང་མེད་ཅེས་པ་དེ་ཡང་རྒྱུ་མཚན་ལྟར་སྣང་མ་རེད། དེ་ཞན་ཆ་ཆེན་པོ་ཞིག་རེད། བློ་བཟང་སེང་གེ་བཀའ་བློན་ཁྲི་པ་ཆགས་ན། བོད་གཞུང་ལས་ཁུངས་ཁག་གི་དྲུང་ཆེ་དེ་དག་ལ་བཀའ་གཏོང་མཁན་ཆགས་ཀི་ཡོད། སྤྱི་འཐུས་དེ་དག་ལ་ལན་འདེབས་བྱེད་མཁན་རེད། བོད་མི་མང་ལ་འགན་ཁུར་མཁན་རེད། དྲུང་ཆེ་དེ་དག་ཉམས་མྱོང་གིས་ཚོས་བསྡད་ཡོད། ཉམས་མྱོང་གིས་ཚོས་བསྡད་པ་དེ་ཚོར་ཉམས་མྱོང་མེད་པ་ཞིག་གིས་གཅིག་ལབ་ན། གཞན་དེ་ཚོས་གཉིས་ལབ་ཡོང་གི་རེད། སྤྱི་འཐུས་ཚོ་ལའང་དེ་བཞིན་རེད། རྒྱལ་སྤྱིའི་ཁྲིམས་ཁ་ཤས་ལུང་དྲངས་ཡོང་ནས་གངས་སྐྱིད་ལ་ཉི་མ་འཁྱོལ་ཐབས་ཡོད་མ་རེད། བཀའ་ཁྲི་ནི། བོད་གཞུང་གི་ཉིན་རེ་ཉིན་རེའི་ལས་དོན་ལ་སྤྱི་འདོམས་གནང་མཁན་རེད། དེ་ལ་གཞུང་ལུགས་དང་ལག་ལེན་གཉིས་ཀའི་ཉམས་མྱོང་ཕྲན་བུ་མེད་ན། ག་པར་ཡོང་གི་རེད། བོད་གཞུང་གི་ལས་ཁུངས་ཆུང་ཆུང་ཞིག་གི་ལས་ཀ་བྱེད་པར་ཡང་ཉམས་མྱོང་དགོས་ན། བོད་གཞུང་ལས་ཁུངས་ཡོངས་རྫོགས་ལ་སྟངས་འཛིན་གནང་མཁན་ཞིག་ལ་ཉམས་མྱོང་མེད་ན་ག་ནས་འགྲིག

ཅེས་གསུངས་གནང་སོང་།

འདི་ནི་སྐབས་དེའི་བགྲོ་གླེང་གི་སྙིང་པོ་ཡིན་པར་བརྟེན་དེང་སང་ཟིང་ཆ་ཆེ་བའི་བཀའ་ཁྲིའི་སྐོར་ནས་ཐུགས་ཕན་འདྲ་སོས་ན་དྲན་ཏེ། ཁྱེད་ཅག་གི་སྤྱན་སྔར་དེ་རིང་ཕུལ་འདོད་བྱུང་། སྤྱིར་བཏང་དུས་ཐོག་གི་མཇུག་སྡོམ་ནི་བགྲོ་གླེང་ཉིན་མོ་ནས་ཞུས་ཟིན་མོད། འདི་ནི་དགོས་མཁོ་ལ་དམིགས་ཏེ་སྤེལ་བ་ཞིག་ཡིན།

བགྲོ་གླེང་སྐོར་ཞིབ་ཆ་གཟིགས་འདོདཚེ་འདིའི་ཐོག་ཕེབས་རོགས།