ན་ནིང་དོ་ཚིགས་འདི་གཉིས་བོད་ཡུལ་ན།

ན་ནིང་དོ་ཚིགས་འདི་གཉིས་བོད་ཡུལ་ན།།
འབྱུང་བཞིའི་རྐྱེན་ངན་རབ་དང་རིམ་པ་ཡིས།།
ཡུལ་ཤུལ་འགུལ་ནས་དྭ་ཕྲུག་གྲངས་མེད་བཟོས།།
འབྲུག་ཆུ་རྙིད་དེ་མི་ཤི་ཁྱིམ་སྟོང་གྱུར།།
ཤི་གསོན་གྲངས་མེད་ཅིག་ལ་མྱ་ངན་བཞག།

ན་ནིང་དོ་ཚིགས་འདི་གཉིས་བོད་ཡུལ་ན།།
སེར་མོ་དགོན་སྡེ་ཁྲོད་དུ་འདུག་དབང་མེད།།
སྐྱ་བོ་རི་བོའི་གྲོང་ན་ངལ་གསོ་མེད།།
སྐྱ་སེར་གཉིས་ཀ་རིགས་ཀྱི་ན་ཟུག་གིས།།
དགྱ་ནག་གཞུང་གི་མེ་མདའི་ར་བར་ལུས།།

ན་ནིང་དོ་ཚིགས་འདི་གཉིས་བོད་ཡུལ་ན།།
བྱིས་པའི་ཀ་ཁའི་དབྱངས་རྟར་སེར་ཁ་ཞུགས།།
གཞོན་པའི་གནའ་བོའི་གླུ་དབྱངས་རླུང་ལ་འཐིམ།།
གནས་འགྲོ་བུ་མོའི་སེམས་པ་སྒོར་གྱིས་བསླུས།།
ཡོད་ཚད་ཡིད་ཆེས་མེད་པའི་ཚང་དུ་བརྫངས།།

ན་ནིང་དོ་ཚིགས་འདི་གཉིས་བོད་ཡུལ་ན།།
གསོན་པའི་ཆེད་དུ་རང་དབང་བརྩོན་ལེན་བྱེད།།
ཤི་བོའི་དོན་ལ་མ་ཎི་ཡིག་དྲུག་འདྲེན།།
གཞིས་བྱེས་ཆེད་དུ་མཐུན་སྒྲིལ་གསེར་ཟམ་བསྐྲུན།།
མ་བསམ་ས་ནས་འབྱུང་བཞིའི་གོད་ཆག་རྒོད།།
མིག་ཆུ་བཙག་ནས་རྒྱ་མཚོ་དཀྱིས་ཀྱང་རུང་།།
རུས་པ་གཏོར་ནས་རི་བོ་སྤུངས་ཀྱང་རུང་།།
ལས་ངན་བོད་པ་ཚང་གི་བདེ་སྡུག་ལ།།
དགྱ་ནག་སྲིད་གཞུང་ངན་པའི་གཤིས་ཀ་དེར།།
འགྱུར་བ་འགྲོ་བར་རེ་བ་ནོར་འཁྲུལ་ཡིན།།