མ་དགོན་བཤད་གྲྭའི་བྱུང་བ་གཉིས་པ་མུ་འགོད
ནང་གི་རྟེན་གཙོ་ཐུབ་དབང་སྐུ་བརྙན་གསེར་ཟངས་ལས་གྲུབ་ཅིང་པདྨ་ནས་དབུའི་གཙུག་བར་ཕི་ཊི་བཅུ་གཉིས་ཡོད་པར་ཤིན་ཏུ་སྒྲོས་གཙང་བྱོན་ལེགས་གསེར་མདངས་དང་ལྡན་པ་དང་ཁྱད་པར་དུ་ཞལ་ལ་རྡུལ་གྱི་དྲི་མ་མ་འགོས་པ་སོགས་ཀྱི་ཆེས་ཁྱད་པར་དུ་འཕགས་པ་ལེགས་སྒྲུབ་བྱུང་བ་དང་ནང་གཟུངས་རྣམས་ཀྱང་བོད་ཤོག་འབའ་ཞིག་གི་སྟེང་དུ་དཔར་འདེབས་བྱས་པ་དང་སྲོག་ཤིང་ཡང་ཤུག་པ་ལས་གྲུབ་པའི་ཤར་རྟགས་མ་ནོར་བར་རྩེར་མཆོད་རྟེན་དང་མཇུག་རྡོ་རྗེ་ཕྱེད་པ་སོགས་གཟུངས་རྣམས་གྲུབ་མཚམས་༧སྐྱབས་མཆོག་༧གོང་མ་རིན་པོ་ཆེ་དང་སྐྱབས་རྗེ་བཅོ་བརྒྱད་ཁྲི་ཆེན་རིན་པོ་ཆེ་ངོར་ཀླུང་ལྡིང་མཁན་ཆེན་རིན་པོ་ཆེ་བཅས་གཙོས་པའི་བླ་ཆེན་རྣམ་པ་དབུ་བཞུགས་ཐོག་སྔར་སྲོལ་དམ་པ་གོང་མ་རྣམས་ཀྱི་ཕྱག་སྲོལ་ཇི་ཡོད་ལེགས་པར་གནང་ཡོད།སྟོན་པའི་ཐུབ་པའི་དབང་པོའི་སྐུ་བརྙན་འདི་བཞིན་ཕྱི་ནང་གང་ཐད་ནས་བྱིན་རླབས་ཀྱི་དགེ་མཚན་ཧ་ཅང་ཆེ་བའི་ཁྱད་ཆོས་ལྡན་པར་ཞིག་རྩི་སྲོལ་འདུག་པ་མ་ཟད་ནང་གི་གཟུངས་གཞུག་ཏུ་སངས་རྒྱས་རབ་བདུན་གྱི་རིང་བསྲེལ།བྱང་སེམས་ཆོས་འཕགས་ཀྱི་ཚེམས།སློབ་དཔོན་ཆེན་པོ་པདྨ་འབྱུང་གནས་དང་རྗེ་བཙུན་གོང་མ་རྣམ་ལྔ་སོགས་དབུ་ལོ་འཇའ་འོད་འཁྱིལ་བ།གྲུབ་ཆེན་བིར་ཝ་པ་དང་ག་ཡ་དྷ་རའི་བུམ་ཆུ་སོགས་མང་དུ་བཞུགས་ཀྱང་འདིར་ཡིག་ཚོགས་ལ་འཇིགས་ནས་མ་བྲིས། མདོར་ན་མ་དགོན་བཤད་གྲྭའི་གཙུག་ལགས་ཁང་རྟེན་དང་བརྟེན་པ་བཅས་ལེགས་པ་གྲུབ་ཅིང་སྐབས་དེར་བཙན་བྱོལ་ཁྲོད་དུ་དགོན་པ་འདི་ཉིད་རྒྱ་ཁྱོན་དང་སྤུས་སོགས་ཕྱོགས་གང་ཐད་ནས་རྩེ་སོན་བྱུང་ཡོད།ཕྱི་ལོ་༡༩༨༠ཟླ་བ་༡༢གཟའ་སྐར་དགེ་བའི་འཕྲོད་སྦྱོར་མཆོག་ཏུ་དགེ་བའི་ཉིན་༧བརྩེ་ཆེན་རྒྱལ་བའི་རྒྱལ་ཚབ་སྐྱབས་མགོན༧ས་སྐྱ་༧གོང་མ་བདག་ཁྲི་རིན་པོ་ཆེ་མཆོག་དང་སྐྱབས་རྗེ་བཅོ་བརྒྱད་ཁྲིན་ཆེན་རིན་པོ་ཆེ་ངོར་ཀླུ་ལྡིང་མཁན་ཆེན་རིན་པོ་ཆེ་བཅས་རྡོ་རྗེ་འཆང་གི་རྒྱལ་ཚབ་གསུམ་གྱི་དབུས་པའི་ས་ངོར་ཚར་གསུམ་་ཀྱི་བླ་སྤྲུལ་མཁས་མང་འདུས་པ་རྒྱ་མཚོས་གཙུག་ལག་ཁང་གི་སྒོ་ཆེན་ཁྱམས་སུ་ཐོག་མ་འགྲོ་བདེ་མ་སོགས་འུར་འདོན་གྱིས་སྤྱི་སྒེར་བསྟན་འགྲོ་ཡོངས་ཀྱི་བཀྲིས་ཀྱི་མེ་ཏོག་འཐོར་ཞིང་རྟགས་དང་རྟེན་འབྲེལ་ཕུན་སུམ་ཚོགས་པའི་སྒོ་ནས་དབུ་འབྱེད་ཀྱི་མཛད་སྒོ་གནང་་ཡོད། འཕྲོས་མུ་འགོད་