བཀའ་ཁྲིའི་འོས་མི་ཞིག་གི་ཆེད་དུ་དྲ་རྒྱ་སྒོ་འབྱེད།

1234 paldenདེ་ཡང་ཟླ་འདིའི་ཚེས་༡༣ ཉིན་དྷ་ས་མེན་གྷན་ས་གནས་འགོ་འཛིན་གྱི་ཁོར་ཡུག་ཚོགས་ཁང་དུ། སྐུ་མགྲོན་གྱི་གཙོ་བོ་ཆབ་སྲིད་བཙོན་ཟུར་གྲྭ་དཔལ་ལྡན་རྒྱ་མཚོ་མཆོག་དབུ་བཞུགས་ཐོག བཀའ་ཁྲི་འོས་མི་མཁས་དབང་བློ་བཟང་སེང་གེའི་ཆེད་དུ། དྲ་རྒྱ་གསར་བཟོའི་དབུ་འབྱེད་མཛད་སྒོའི་གསར་འགོད་གསལ་བསྒྲགས་ཤིག་བསྐོངས་སོང་ བ་དང། སྐབས་དེར་བོད་དང་རྒྱ་གར་གཉིས་ཀྱི་གསར་འགོད་པ་དང་ཟུར་ཉན་པ་སོགས། ཁྱོན་མི་གྲངས་ལྔ་བཅུ་ལྷག་ཙམ་འཛོམས་འདུག

དང་ཐོག་དྷ་སར་དང་བླང་གི་ཐོག་ནས་དྲ་རྒྱ་དབུ་འབྱེད་ཀྱི་གསར་འགོད་གསལ་བསྒྲགས་འགན་འཁུར་བ་བློ་བཟང་དབང་རྒྱལ་ལགས་ཀྱིས། “བཀའ་ཁྲི་འོས་མི་མཁས་དབང་བློ་བཟང་སེང་གེ་མཆོག་ལ་རྒྱབ་སྐྱོར་གྱི་དྲ་རྒྱ་གསར་པ་འདི་ནི། ཨ་རི་གནས་སྡོད་རིན་ཆེན་དང་རྒྱ་གར་ལྷོ་ཕྱོགས་བྷེང་ལོར་གནས་སྡོད་བཀྲིས་དཔལ་འབྱོར། ང་རང་བཅས་ང་ཚོས་ན་གཞོན་ཚོས་དང་བླང་གི་ཐོག་ནས། མཁས་དབང་བློ་བཟང་སེང་གེ་མཆོག་ལ་རྒྱབ་སྐྱོར་བྱས་ནས་བཟོས་པ་ཡིན་”ཞེས་དང། དེ་བཞིན་བྷེང་ལོར་གནས་སྡོད་བཀྲ་ཤིས་དཔལ་འབྱོར་ལགས་ཀྱིས། “ན་གཞོན་ཤེས་ཡོན་ཅན་ཞིག་བཀའ་ཁྲིར་ཕེབས་དགོས་པ་དང། བོད་མི་ཚང་མས་བཀའ་ཁྲིའི་འོས་འགན་དེ་ཆབ་སྲིད་ཀྱི་སྣེ་འཁྲིད་པ་ཞིག་ཡིན་པ་ཤེས་དགོས་”ཟེར་བ་སོགས། དྲ་རྒྱ་འདི་ www.kalontripafortibet.org བཟོ་དགོས་པའི་དམིགས་ཡུལ་དང་རྒྱབ་ལྗོངས་སོགས་ཡིག་ཆུང་ཞིག་ཀྱང་བཏང་འདུག

སྐུ་མགྲོན་གྱི་གཙོ་བོ་ཆབ་སྲིད་བཙོན་ཟུར་གྲྭ་དཔལ་ལྡན་རྒྱ་མཚོ་ལགས་ཀྱིས། “མཁས་དབང་བློ་བཟང་སེང་གེ་ངེད་གཉིས་དབར་ཆོལ་ཁ་དང་ཆོས་ལུགས་ཀྱི་ཕྱོགས་སུ་ ལྷུང་བའི་འབྲེལ་བ་སོགས་གང་ཡང་མེད། མཁས་དབང་བློ་བཟང་སེང་གེ་ལ་རྒྱབ་སྐྱོར་བྱེད་དོན་གཙོ་བོ་ནི་ཁོང་ལ་རྒྱལ་ཞེན་དང་ལྷག་བསམ། ཕྱོགས་རིས་མེད་པ། དེང་དུས་ཀྱི་ཤེས་ཡོན་ལྡན་པ། སྐྱེས་སྟོབས་ཀྱི་ནུས་པ། གསར་གཏོད་ཀྱི་རང་བཞིན་ལྡན་པ་བཅས་ཀྱི་ཁྱད་ཆོས་ཚང་ཡོད་ཅིང།  ང་མཁས་དབང་བློ་བཟང་སེང་གེས་རྒྱ་བོད་གཉིས་ཀྱི་མཁས་དབང་དབར། བགྲོ་གླེང་གོ་སྒྲིག་བྱེད་སར་མང་པོ་འགྲོ་མྱོང་ཡོད་པ་དང། ཁོང་གི་རྒྱལ་ཞེན་དང་ལྷག་བསམ། ཆོལ་ཁ་ཆོས་ལུགས་ཀྱི་ཕྱོགས་རིས་མེད་པའི་ལངས་ཕྱོགས་དེ་ལ་ངས་ཞིབ་འཇུག་མང་པོ་བྱས་ཡོད།

དེང་དུས་ཀྱི་ཤེས་ཡོན་ལ་ཆ་མཚོན་ན། མཁས་དབང་བློ་བཟང་སེང་གེས་བཏོན་གནང་བའི་འགྲོ་བ་མིའི་ཐོབ་ཐང་གི་དཔེ་དེབ་དེ། དེང་སྐབས་རྒྱ་ནག་གིས་མཁས་དབང་ཚོས་ཀྱང་མཐོང་ཆེན་པོ་ཞེ་དྲག་གནང་གི་འདུག་ལ། ངས་དེབ་དེ་ཡང་ནས་ཡང་དུ་བཀླགས་ནས་རྒྱལ་སྤྱིའི་སྡིངས་ཆའི་སྟེང་གཏམ་བཤད་སྤེལ་སྐབས། མི་མང་པོས་འགྲོ་བ་མིའི་ཐོབ་ཐང་གི་སྐོར་ཇི་ལྟར་ཤེས་སོང་ཟེར་ནས་སྐད་ཆ་མང་པོ་འདྲི་ཡི་འདུག སྐབས་དེར་ངས་ང་ཚོའི་བོད་པའི་ཕོ་གསར་ཤེས་ཡོན་ཅན་མཁས་དབང་བློ་བཟང་སེང་གེས་ བཏོན་གནང་བའི་དཔེ་དེབ་དེ་ལས་སྦྱངས་པ་ཡིན་ཞེས་བརྗོད་པ་ཡིན། མཁས་དབང་མང་པོས་ཁོང་ལ་མཐོང་ཆེན་གནང་གི་འདུག

མཁས་དབང་ཁོང་གི་སྐྱེས་སྟོབས་ཀྱི་ནུས་པ་ནི་དངོས་གནས་ཡག་པོ་འདུག མིང་ལ་སེང་གེ་ཞུ་ཡི་ཡོད་རེད། དངོས་གནས་གསུང་བཤད་གནང་སྐབས་ཞི་དྲག་གི་གཏམ་སྨྲ་བ་ལ་ཤིན་ཏུ་མཁས་པ་འདུག རི་དྭགས་རྒྱལ་པོས་རི་དྭགས་ཡོངས་རྫོགས་དབང་དུ་འདུལ་བ་ལྟར། ཁོང་གིས་བགྲོ་གླེང་སོགས་སུ་བཀའ་མོལ་གནང་སྐབས་མི་རྣམས་ཡིད་དབང་དུ་འགུག་པའི་ནུས་པ་ཆེན་པོ་འདུག  དེ་བཞིན་གནད་དོན་གང་ལའང་དབྱེ་ཞིབ་བྱེད་སྐབས་གནད་ལ་འཁེལ་བ་དང། དུས་ལ་འཚམས་པ། ལོ་རྒྱུས་ཀྱི་རྒྱབ་ལྗོངས་ཡོད་པ། མ་འོངས་པའི་འཆར་སྣང་ལ་རན་པ་སོགས། སྦྱང་སྟོབས་ལས་བྱུང་བ་མིན་པ་དེ་དག་ནི་སྐྱེས་སྟོབས་ཀྱི་ནུས་པ་ཁོ་ན་ལས་བྱུང་བ་ཞིག་ཡིན་པས། ང་ཚོ་བོད་མིའི་ཁྲོད་ནས་འདི་འདྲའི་གཞོན་སྐྱེས་དཀོན་པོ་ཡིན་པ་དེ་ཤེས་ནས་བདག་ པོ་རྒྱག་དགོས་རྒྱུ་དེ་ཤིན་ཏུ་གལ་ཆེན་པོ་མཐོང་གི་འདུག

ད་ལྟའི་སྐབས་ན་གཞོན་མཁས་དབང་བློ་བཟང་སེང་གེ་ཁོང་བཀའ་བློན་ཁྲི་པར་ཕེབས་ཐུབ་རྒྱུར་ང་རང་གི་ངོས་ནས་རེ་བ་ཆེན་པོ་བྱེད་ཀྱི་ཡོད། སྤྱིར་ཉམས་མྱོང་ཡོད་ན་ཡག་པོ་རེད། ཡིན་ནའང་བཀའ་ཁྲི་གནང་བར་ངེས་པར་དུ་ཉམས་མྱོང་དགོས་ཀྱི་མེད། དཔེར་ན་ཨ་རི་རྒྱལ་ཁབ་མང་གཙོ་ལམ་སྲོལ་ཐོག་ནས་ལོ་༢༠༠ ཙམ་འགྲོ་ཡི་ཡོད་རེད། རྒྱལ་ཁབ་དེའི་སྲིད་འཛིན་རྣམས་ཐོག་མར་ཕེབས་སྐབས། དམག་མི་དང་སྒྱུ་རྩལ་བ་སོགས་བྱུང་ཡོད་པ་དང། དེ་བཞིན་ད་ལྟའི་སྲིད་འཛིན་སྐུ་ཞབས་ཨོ་བྷ་མ་སློབ་མཐར་ཕྱིན་མ་ཐག་པ་རེད། དེ་ཡང་མཁས་དབང་བློ་བཟང་སེང་གེ་ཁོང་གཉིས་སློབ་གྲྭ་གཅིག་ནས་ཐོན་པ་རེད། ང་ཚོས་ཡར་ཐོན་རྒྱལ་ཁབ་ལ་མིག་དཔེ་ཡར་བལྟ་དགོས་པ་མ་གཏོགས། སྡུག་ས་ལ་མིག་དཔེ་མར་བལྟ་རྒྱུ་ཡོད་མ་རེད།

མཁས་དབང་ཟམ་གདོང་རིན་པོ་ཆེའི་བཀའ་སློབ་ཅིག་གི་ནང། ༧གོང་ས་མཆོག་གིས་ཡང་བླ་རྒན་ཞིག་བཀའ་ཁྲིར་སླེབས་འདུག་ཅེས་བཀའ་ཕེབས་མྱོང་བ་ལུང་འདྲེན་ལྟར་བྱས་ན། ༧གོང་ས་མཆོག་གིས། གཞོན་སྐྱེས་ཤིག་གིས་བོད་ཀྱི་ཆབ་སྲིད་ཀྱི་འགོ་འཁྲིད་དགོས་པ་དགོངས་ཀྱི་ཡོད་པ་ནི་ཧ་ཅང་གསལ་པོ་ཡིན་པས། བོད་མི་ཚང་མས་༧གོང་ས་མཆོག་གི་བཀའ་དགོངས་བཞིན་གཞོན་སྐྱེས་འདི་འདྲ་བ་བཀའ་ཁྲིར་བདམས་ནས། མ་འོངས་བོད་ཀྱི་གནད་དོན་སེལ་བ་ལ་དགོངས་པ་རྒྱ་ཆེན་པོ་བཞེས་རྒྱུ་ནི་ཧ་ཅང་གལ་ཆེན་པོ་ཡིན་”ཞེས་སོགས་གསུངས་སོང།།

{jcomments on}