བོད་ཀྱི་སྐད་ཡིག་ཁྲིམས་ཞིབ་ཁང་གི་ཐོག་མའི་གསལ་བསྒྲགས།
དྲྭ་ཚིགས་མང་ཆེ་བའི་ནང་རྩོམ་པ་པོ་རང་རང་གི་ཟིན་བྲིས་བཟོ་སའི་ཆ་རྐྱེན་ཡང་ཡོད་པས། རྩོམ་པ་པོ་སོ་སོས་དགོངས་ཚུལ་དང་གསུང་རྩོམ་རྣམས་ཐད་ཀར་ཟིན་བྲིས་ཐོག་འགོད་ཆོག་པར་བརྟེན་ཟིན་བྲིས་པ་ཡང་ཉིན་རེ་ནས་ཉིན་རེར་ཇེ་མང་དུ་འགྲོ་བཞིན་པ་རེད། འོན་ཀྱང་ཟིན་བྲིས་པ་མང་པོ་ཞིག་གིས་མ་མཁྱེན་པའམ་ཡང་ན་ཐུགས་མཉམ་མ་བཞག་པ་གང་ལྟར་ཡང་ཡིག་ནོར་མང་པོ་བྲིས་པ་དང་། དེ་ལྟར་བྲིས་ན་ཟིན་བྲིས་ཀློག་མཁན་གྱི་གསར་བུ་རྣམས་ལ་མིག་ལྟོས་ངན་པ་ཞིག་བཞག་ས་རེད་བསམ་ནས་བོད་ཀྱི་སྐད་ཡིག་ཁྲིམས་ཞིབ་ཁང་ཞེས་པའི་ཟིན་བྲིས་འདི་གཉེར་པ་ཡིན།
ཟིན་བྲིས་འདི་གཉེར་ནས་རང་ཉིད་དུས་ཚོད་གང་ཡོད་གཏང་སྟེ་ཟིན་བྲིས་རྣམས་ལ་ཞིབ་འཇུག་གིས་ཡིག་ནོར་བྲིས་པ་མཐོང་ཚེ་ཐད་ཀར་ནོར་བཅོས་བྱ་རྒྱུ་ཡིན།
སྐད་ཡིག་ཁྲིམས་ཞིབ་ཁང་གི་ཟིན་བྲིས་ཀྱི་དམིགས་ཡུལ་ནི། ཟིན་བྲིས་པ་རྣམས་ཀྱིས་སྣང་མེད་ངང་ཡིག་ནོར་མི་འབྲི་བའི་ཆེད་དུ་དང་། དག་ཆ་དེ་ཙམ་མ་མཁྱེན་པའི་ཟིན་བྲིས་པ་ཚོ་ལ་ནོར་བཅོས་ཀྱིས་ཡི་གེ་དག་པ་ཞིག་འབྲི་ཐུབ་པའི་ཆེད་དུ་ཡིན་པ་ལས་གཞན་གྱི་དམིགས་ཡུལ་གང་ཡང་མེད།
འདི་ག་ཁྲིམས་ཁང་གི་ལས་མི་རྣམས་ཀྱང་དུས་ཚོད་དང་ཤེས་ཚད་སོགས་གང་ཅིའི་ཐད་ཚད་བཀག་གི་འོག་གནས་པ་ཡིན་པས་བོད་ཀྱི་སྐད་ཡིག་ལ་མཁྱེན་རྒྱ་ཆེ་བའི་མཁས་དབང་རྣམས་ཀྱིས་ལེགས་སྤེལ་ཉེས་འགོག་གི་བཀའ་སློབ་ལྷུག་པོར་བསྩལ་གནང་ཡོང་བ་ཞུ།
