ཁ་གྱེས་པའི་མཚན་མོ།་
སེམས་ལ་ཡིད་ཐང་ཆད་དུས།
བརྩེ་དུང་ལ་འཁང་ར་ཇི་ཙམ་བྱས་མྱོང།
གངས་མ་ཆབ་ཀྱིས་མཐའ་བསྐོར་བ་ལྟར།
ཁེར་རྐྱང་གི་ང་རང།
དྲག་ཆབ་དང་རླུང་འཚུབ་ཀྱི་དབུས་སུ།
སྡུག་སྒོམ་གྱི་སུན་སྣང་དང།
ཡིད་ངལ་གྱི་མྱོང་ཚོར་ལས་ཅི་ཡང་མེད།
གྱེས་བྲལ་གྱི་ངལ་བར་བཟོད་ཐབས་ཡོད་ཀྱང།་
སེམས་ཀྱི་སྡུག་བསྔལ་ལ་མུ་མཐའ་ཡོད་དམ།་
གངས་མ་ཆབ་དང་དྲག་རླུང།་
ངའི་ཕྱོགས་སུ་ལྷབ་ལྷུབ་ཏུ་གཡོ་བཞིན།
ངའི་སེམས་ཀྱི་ལྷིང་འཇགས་དཀྲོག་པའི་འདོད་ཧམ་ཆེ།་
གྱེས་བྲལ་གྱི་གདུང་བའི་ཁྲོད།་
ངའི་ཡ་ཆུང་གི་གསོན་ཤུགས་ཉམས་བཞིན།་
བརྩེ་དུང་གི་མིག་ཆུ་འཁྱིལ་ནས།་
སྐྱོ་དབྱངས་དེ་འགོག་ཐབས་མ་བྱུང།་
ང་ལ་བདེ་སྐྱིད་ཀྱི་གསོན་ཤུགས་སྦྱིན་མཁན།་
བརྩེ་དུང་ལགས།་
ཁ་གྱེས་པའི་ཉི་མོ་རེ་རེ།་
ངའི་སྙིང་གི་ཚ་གདུང་རེ་རེ་ཡིན།་
དོར་ཐབས་དཀའ་བའི་སེམས་ཀྱི་ངལ་དུབ་འདི།་
ང་དང་འབྲེལ་མེད་ཀྱི་ཕྱོགས་སུ་བོར་སོང་ན་བསམ།་
བརྩེ་དུང་ལགས།
ཞིབ་ཏུ་གཟིགས་དང།་
ཚང་ཚིང་གི་ཡུལ་ལྗོངས་འདི་དག་ཀྱང།་
རེ་བསྙེག་གི་སེམས་རྩ་དམར་པོ་བཅོམ་མཁན་དང།་
རིན་ཐང་ཆེ་བའི་མི་ལུས་འདིའི་ནང་གི
བསླུ་བྲིད་ཀྱི་ཞགས་པ་ཙམ་རེད།་
འོན་ཀྱང།་བརྩེ་དུང་ལགས།་
གྱེས་བྲལ་གྱི་གདུང་ཚོར་ཇི་ཙམ་ལྕི་ཡང།་
ངས་བཟོད་ཐབས་ལོས་བྱེད།་
ཡིད་འོངས་ཀྱི་ཕུག་བསམ་དེའི་ཕྱིར།་
ཁྱེད་རང་ནམ་ཡང་བདེ་བར་འཚོ་དགོས།
ཉི་མོ་གཅིག་གི་ཚེ་ཚད་ལས་མེད་ཀྱང།་
ང་རང་ཁྱེད་ལ་དགའ།་
ནམ་ཡང་ཁྱེད་ལ་དུང།་
ཟླ་༨ཚེས་༡༡ཉིན་གྱི་མཚན་མོར་བྲིས།་