ཉུང་དང་ཉུངས་ཀྱི་ཁྱད་པར་འདི་འདྲ་རེད།
ཉུང་ཞེས་པ་ནི་གང་ཞིག་མང་པོ་མིན་པའི་དོན་ཡིན་ཞིང་། ཉུངས་ཞེས་པ་ནི་ཆེས་ཤིན་ཏུ་ཉུངས་པའི་དོན་ཡིན་པས། ཡང་འཇུག་ཅན་གྱི་མིང་ཚིག་འདི་ཚོའི་རིགས་རྣམས་ནི་གཞན་དང་མི་འདྲ་བའི་ཁྱད་པར་སྟོན་པའི་ཚིག་ཡིན་པར་སྣང་།
དེས་མཚོན་ནས་མང་ཞེས་པ་མང་པོའི་དོན་ཡིན་ཡང་། མངས་ཞེས་པ་དེ་ཤིན་ཏུ་མངས་པའི་དོན་ཡིན།
རིག་པ་ཞེས་པ་དེ་ཡུལ་ཤེས་པའི་བློ་ལ་ཟེར་ཞིང་། ཡུལ་དམིགས་བསལ་བའམ་ཁྱད་པར་ཅན་སྟོང་པ་ཉིད་ཀྱི་དོན་ཤེས་པའི་བློ་དེ་ལ་རིགས་པ་ཞེས་བརྗོད་པ་ཡིན་པས། སྟོང་ཉིད་རྟོགས་པའི་རིགས་ཤེས་ཟེར་བ་ལས། བུམ་པ་རྟོགས་པའི་རིགས་ཤེས་མི་ཟེར་བ་ཡིན།
སྙན་ངག་ནི་སྙན་པའི་ཉམས་དང་ལྡན་པའི་ངག་ཀུན་ལ་ཟེར་ཞིང་། སྙན་དངགས་ཞེས་པ་དེ་སྙན་ངག་ཁྱད་པར་ཅན་ཞིག་ལ་ཟེར་བ་ཡིན།
མདོར་ན། ཡང་འཇུག་ཡོད་པའི་རིགས་འདི་རྣམས་ནི་དམིགས་བསལ་ལམ་ཁྱད་པར་སྟོན་པའི་ཚིག་ཡིན།
