༼དུས་ཀྱི་ཡོ་ལང་ལས་འཕྲོས་པའི་གཏམ།༽

 

 

རུལ་སུངས་སྟོང་གི་དཔུང་གདང་བསྒྲེང་སྟེ་ཆིག་སྒྲིལ་ཨ་ལོང་ཐལ་གྱིས་གཅོད།།

ནང་དམེ་འཁོན་པའི་ས་མཐའི་གྲུ་ཁར་ཞི་བདེ་འཚོ་བའི་དྭངས་ཁ་དབེན།།

ཞལ་ཆེམས་གླེགས་བམ་ནག་གསུབ་ཐེབས་ཏེ་རུས་རྐང་དག་མོས་ངར་ཁ་ཤོར།

ཡབ་མེས་མཁར་རྫོང་རི་མོའི་ཟོལ་གྱིས་མཐོང་བའི་མོད་ལ་བྲེད་ཤ་ལངས།།

བདུད་ཀྱི་བྱད་ཀ་སྙིང་ལ་ཕོག་པས་ཞེན་ནག་ཐ་གུས་ནང་དམེ་གཅུན།

རིགས་ལ་བཀལ་བའི་སྡང་ཟུག་གན་མོས་གདོང་དམར་བྱིངས་ཀྱི་སྲོག་རྩ་དཀྲུག།

མདོ་མེད་དཔུང་གི་གདོང་ཁར་ཐེབས་ཏེ་བདེན་རྫུན་དཔང་པོའི་ཆོ་ལོ་བཞེས།།

རྒྱ་གྲོང་མི་ཡི་སེམས་ཀྱི་ཞིང་སར་དྲོད་ཀྱིས་བསྐྱངས་པའི་འོད་སྣང་ཞིག།

གདོད་མའི་སྒྱུ་རྩལ་དྲོད་ཟུང་ཡལ་བས་བརྡ་འཕྲིན་དེང་རབས་ཤུགས་ཀྱིས་འཁྱུད།།

ཆབ་སྲིད་རྙོག་མས་རྩ་ལམ་དེད་དེ་མུ་ཅོར་གཏམ་གྱིས་ནང་རོལ་སྤུད།།

ལམ་ལྷོང་མེད་པའི་འཁྲབ་ཚན་འདི་ཡིས་མ་མོའི་སེམས་པ་གཟས་ཁར་ཕབ།།

ཕྱིར་བཤོལ་མེད་པའི་ལོ་རྒྱུས་འདི་ཡིས་འོད་ཀྱི་ཐིག་ལེ་སྨད་སར་བརྫངས།།

མུན་པས་བསྐལ་བའི་ཁྱིམ་གཞིས་གཉོམ་པོ་རྩུབ་མོའི་གཏམ་གྱིས་སེམས་པ་གཞའ།།

འགུལ་ཐེངས་ཤིག་ལ་རྩུབ་མོའི་ཚིག་གིས་ཡབ་མེས་ཞལ་རས་དམར་གཙེས་གཏོང་།།

དྲོད་ཁོལ་སྟོང་བའི་ལོ་ཟླའི་འཕྲང་ནས་སེམས་ཀྱི་གཏའ་མ་མདའ་ཁར་དྲངས།།

དེང་རབས་སྒྱུ་མའི་གཤིན་ས་འདི་རུ་ཁ་མིག་སྟོང་གི་མཐོང་ལམ་བཀག།

འོད་སྣང་འཛུམ་པའི་རེ་བ་བཏེགས་ཏེ་སྨག་རུམ་གྲོང་ནས་ཁ་ཆེམས་བསྐུར།།

མི་རབས་གསར་པའི་གྲོས་ཁ་འདུམ་སྟེ་སེམས་ཀྱི་ཞིང་ས་མདུན་དུ་བསུས།།

ལྟས་ངན་ཀུང་རུ་སྲོད་དུས་ལངས་ཏེ་ལྷིང་འཇགས་རྨི་ལམ་བྲོ་བ་སྟོར།།

ནང་ཁུལ་ཡོ་ལང་ཞོད་འཇགས་མེད་པས་རང་འཚང་དམར་རྗེན་འདི་ན་བསྒྲགས།།

༢༠༡༠།༨།༡༦ཉིན།སེམས་ཚོར་དང་བཅས་ཏེ་ཐོལ་བྱུང་དུ་བྲིས།།