སྐད་ཡིག་ཁྲིམས་ཞིབ་ཁང་ལ་རེ་ཞུ།
སྤྱིར་བོད་ཀྱི་ཡི་གེའི་དག་ཆ་ཞིབ་ཚགས་ཤིག་ངེས་དགོས་ན་ཐོག་མ་མིང་ཚིག་དེ་དང་དེའི་འབྱུང་ཁུངས་ཤེས་དགོས་པ་གལ་ཆེ་ཡང་། ཡོངས་གྲགས་ཆགས་ཟིན་པའི་མིང་ཚིག་དག་ལ་མཚོན་ན་ཐོག་མའི་འབྲི་སྟངས་ཀྱི་འབྱུང་ཁུངས་གསལ་བཤད་གནང་མ་ཐུབ་ཀྱང་འགྲིག་པ་ལྟ་བུ་མཐོང་གི་འདུག དཔེར་ན་ད་དྲག་གི་སྐོར་རེད། འདས་པའི་ཡིག་རྙིང་ཕལ་མོ་ཆེའི་ནང་དུ་ཀུན་ཏུ་ཞེས་པ་ལ་དུས་དང་རྣམ་པ་ཀུན་ཏུ་ད་དྲག་ཡོད་པ་དང་། ད་ལྟའི་ཆར་ཡང་གནས་ཡོད། དེ་བཞིན་འོན་ཀྱང་ཞེས་པ་ལྟ་བུའང་ད་དྲག་གི་འཕྲད་གནས་ཡོད། ཡིན་ཀྱང་ཞེས་པ་ལྟ་བུར་མཚོན་ན་ཡིག་རྙིང་ཕལ་མོ་ཆེའི་ནང་དུ་ཡོད་ཀྱང་། ད་ལྟའི་ཆར་ཡིན་ཡང་ཞེས་མང་ཆེ་བས་འབྲི་བ་ལས་ཡིན་ཀྱང་ཞེས་འབྲི་མཁན་ཤིན་ཏུ་དཀོན། དེ་དང་དེ་ལྟ་བུ་མང་པོ་ཡོད་པ་དག་དེང་དུས་ཡོངས་ཁྱབ་ཀྱི་འབྲི་སྟངས་ཐོག་ནས་ནོར་བཅོས་ཀྱི་དགོངས་ཚུལ་གསུངས་ཐུབ་ན་ཕན་ཐོགས་ཆེ་བར་སྣང་། ལས་དང་པོ་ཞིག་ལ་མཚོན་ན་འབྱུང་ཁུངས་དང་རྒྱབ་ལྗོངས་ཆ་ཚང་གསུངས་པའི་སྐབས་མགོ་འཐོམས་མི་སྲིད་པའང་མ་རེད། དེར་བརྟེན་ངས་གཤམ་དུ་དག་བཅོས་བྱེད་དགོས་པའི་གལ་གནད་ཁག་ཅིག་ཟུར་འདོན་ཞུ་རྒྱུ་ཡིན།
༡༽ མིང་ཚིག་གི་དག་ཆ་ནོར་བ།
༢༽ རྣམ་དབྱེ་དང་ཚིག་འཕྲད་ཀྱི་རྣམ་གཞག་ནོར་བ།
༣༽ དུས་གསུམ་དང་བྱ་བྱེད་ལས་གསུམ་གྱི་དབྱེ་བ་ནོར་བ།
བཅས་གཙོ་དོན་དུ་བཟུང་ནས་དག་བཅོས་ཀྱི་ལམ་སྟོན་གནང་ཐུབ་ན་ཕན་ཐོགས་ཧ་ཅང་ཆེ་བར་སྣང་བས་དེ་ལུགས་འབོད་སྐུལ་ཞུ་བཞིན་ཡོད།