ཉེས་མེད་ཉེས་འཛུགས་བྱས་པར་ཉེས་ཆད་གཅོད་པ།
དེ་ཡང་བཀུར་འོས་རྩོམ་སྒྲིག་པ་ལགས་ཀྱིས་པར་སྐྲུན་ཞེས་བྲིས་པ་དེར་དྲ་གྲོགས་ཕུར་བུ་ལགས་ཀྱིས་དེ་ཉིད་མ་དག་པ་ཡིན་ཚུལ་དང་། དག་པར་དཔར་བསྐྲུན་ཞེས་འབྲི་དགོས་ཚུལ་གསུངས་པ་སོགས་ཀྱི་ཉེས་མེད་ལ་ཉེས་འཛུགས་བྱས་པར་བརྟེན། འདི་ག་ཁྲིམས་ཁང་ནས་པར་སྐྲུན་འབྲི་མཁན་ལ་ཉེས་པ་མེད་པའི་དག་སེལ་དང་། ཉེས་མེད་ཉེས་འཛུགས་བྱེད་མཁན་ལ་ཉེས་ཆད་གཅད་རྒྱུ་ཡིན།
དེ་ཡང་། དཔར། པར། སྤར། གསུམ་ནི་མིང་འདྲ་ཞིང་དོན་ཡང་གཅིག་པ་ཡིན་པར་ཚད་ལྡན་གྱི་དག་ཡིག་དང་ཁུངས་ལྡན་གྱི་ཡིག་ཆ་ཀུན་གྱི་ནང་དུ་གསལ་པོར་གསུངས་ཡོད་པས་པར་སྐྲུན་དང་དཔར་སྐྲུན། དེ་བཞིན་སྤར་སྐྲུན་གང་བྲིས་ཀྱང་མ་དག་པ་མེད།
པར་སྐྲུན་གྱི་སྐྲུན་ནི་བྱེད་ལས་ཀྱི་སྟེང་ནས་མིང་དུ་བཏགས་པ་ཞིག་ཡིན་ལ། པར་བསྐྲུན་ཞེས་འབྲི་ན་བྱ་ལས་ཀྱི་སྟེང་ནས་བཏགས་པ་ཞིག་ཡིན་པས་མི་འདྲ་བ་ཆེར་མེད་མོད། ཡིན་ཡང་དེང་གི་དག་ཡིག་དང་ཡིག་ཆ་མང་པོའི་ནང་པར་སྐྲུན་ཞེས་འབྱུང་བ་ལས་བསྐྲུན་ཞེས་མི་འབྱུང་བས་པར་སྐྲུན་ཞེས་གཅིག་གྱུར་ཅིག་བྱུང་ན་ལེགས་སམ་སྙམ། གོང་གི་རྒྱུ་མཚན་དེ་དག་ལ་བརྟེན་ནས་པར་སྐྲུན་ཞེས་པ་དེ་དག་པ་ཡིན་པར་ར་འཕྲོད་བྱུང་ཚེ་ཉེས་པ་ངོས་ལེན་བྱེད་དུ་ཕེབས་རོགས།
བོད་ཀྱི་ཆེས་མཐོའི་སྐད་ཡིག་ཁྲིམས་ཞིབ་ཁང་ནས།
