ཀུན་བརྟགས་དང་ཀུན་བཏགས་གཉིས་ལས་གང་དག་པ་ཡིན།
འོ་ན། མཚན་ཉིད་གསུམ་གྱི་ནང་ཚན་གྱི་ཀུན་བཏགས་ཞེས་པར་ཀུན་བརྟགས་ཞེས་འབྲི་ན་དག་པ་ཡིན་ནམ།
ཀུན་བཏགས་ནི་གདགས་གཞི་གཞན་དབང་ཞིག་གི་སྟེང་དུ་སྒྲོ་བཏགས་པའི་ཆ་ཞིག་ལ་འཇོག་པས་ཀུན་བཏགས་ཞེས་དག་པ་ཡིན་མིན་དྭོགས་པ་ཙམ་ཡང་མེད། ཡིན་ཡང་། རྒྱ་གཞུང་དང་བོད་གཞུང་མང་པོའི་ནང་ཀུན་བཏགས་ཀྱི་ཚབ་ཏུ་ཀུན་བརྟགས་ཞེས་མང་དུ་འབྱུང་བས་ཀུན་བརྟགས་ཞེས་པའང་མ་དག་པ་ཡིན་ཞེས་བརྗོད་མི་ཐུབ་པར་གྱུར་ཡོད།
དེ་ཡང་། དབུ་མ་རྒྱན་ལས།
དེ་ཤེས་པས་ནི་འབྲལ་འགྱུར་ན།།
ལོག་པར་རྣམ་བརྟགས་མ་ཡིན་ནམ།།
ཞེས་རྣམ་བརྟགས་གསུང་འདུག་པ་དང་།
རྗེ་ཙོང་ཁ་པའི་ལེགས་བཤད་སྙིང་པོ་ལས།
ཡང་དག་པའི་ཡེ་ཤེས་ལ་མི་སྣང་བས་ལོག་པར་བརྟགས་པའོ།། ཞེས་ལོག་པར་སྒྲོ་བཏགས་པ་ལ་བརྟགས་པ་ཞེས་གསུངས་འདུག
དེས་མཚོན་ནས་གཞུང་ཆེན་མང་པོ་ཞིག་གི་ནང་དུ། བཏགས་འབྲི་སར་བརྟགས་ཞེས་མང་དུ་བྲིས་འདུག
ཀུན་བརྟགས་སམ་ཀུན་བཏགས་ཀྱི་ལེགས་སྦྱར་གྱི་སྐད་དོད་དུ། པརིཀ་པི་ཏ། Parikapita ཞེས་འདུག་པ་དང་། དེ་དབྱིན་སྐད་དུ་བསྒྱུར་སྐབས།
Conceptual putation ཞེས་ འདུག་པས། དབྱིན་སྐད་ཀྱི་གོ་དོན་ནི། Conceptual ཞེས་པ་ཤེས་པའི་ཞེས་གོ་བ་ དང་། imputation ཞེས་པ་ཁ་གཡོགས་པའི་དོན་དུ་འཇུག་ཅིང་། དོན་བསྒྱུར་བྱེད་ ན། ཤེས་པས་ཁ་གཡོགས་པའམ་སྒྲོ་བཏགས་པའི་དོན་དུ་འཇུག་པ་འདུག་པས། ཀུན་བཏགས་སམ་ ཀུན་བརྟགས་ཞེས་སུ་བསྒྱུར་བ་དེ་ཡང་འགྱུར་ལེགས་པ་ཞིག་གོ།
འོ་ན། བརྟགས་ཞེས་པ་དེ་ཡུལ་ལ་བརྟག་དཔྱད་བྱེད་པར་འཇུག་པས་སྒྲོ་བཏགས་པ་ལ་ཀུན་བརྟགས་ཞེས་འབྲི་བ་ཅི་ཡིན་སྙམ་ན། དེ་ནི་རྟོག་ལྡན་ལ་སྐྱེ་བའི་དྭོགས་པ་ཞིག་ཡིན་མོད། ཡིན་ཡང་། ཞིབ་ཏུ་དཔྱད་ན། དེ་ནི་འཐད་པ་ཉིད་དེ། བརྟགས་ཞེས་པ་ནི་རྟོག་ཅེས་པའི་འདས་ཚིག་ཡིན་ཞིང་། རྟོག་གི་གོ་དོན་ནི། གཉིས་ཏེ། ཡུལ་དེ་དེ་མ་ཡིན་ལ་དེར་འཛིན་པ་ལ་རྟོག་ཅེས་འཇུག་ཅིང་། དཔེར་ན་རྣམ་པར་རྟོག་པ་ཞེས་པ་བཞིན་ནོ། གོ་དོན་གཉིས་པ་ནི་ཡུལ་ཞིབ་འཇུག་བྱེད་པའི་དོན་དུ་གོ་སྟེ། དཔེར་ན་རྟོག་ཞིབ་ཅེས་པ་ལྟ་བུའོ།
དེས་ན། ཀུན་བརྟགས་ཞེས་འབྱུང་བ་ལའང་གོ་དོན་གཉིས་ཏེ། ལྷན་སྐྱེས་དང་ཀུན་བརྟགས་གཉིས་ཀྱི་ཀུན་བརྟགས་ནི། ཡུལ་བརྟགས་ཤིང་དཔྱད་པ་ལ་འཇུག་ཅིང་། མཚན་ཉིད་གསུམ་གྱི་ཀུན་བརྟགས་ནི། ཁྱད་གཞི་གཞན་དབང་གི་སྟེང་དུ་རྟོག་པས་སྒྲོ་བརྟགས་པའི་ཆ་དེ་ལ་གོ་བ་ཡིན་ནོ།
དེ་ལྟར་བཤད་ན། སྤྱོད་འཇུག་ལས། བརྟགས་པའི་དངོས་ལ་མ་རེག་པར།། དེ་ཡི་དངོས་མེད་འཛིན་མ་ཡིན། ། ཞེས་པའི་བརྟགས་ཚུལ་ཡང་ཤེས་ནུས་སོ།།
ཡབ་ཆེན་དམ་པའི་སྐུ་ཡི་དྲིན་ལས་གནའ་དེང་ཤེས་བྱ་ཕལ་མོ་ཆེ།།
ཧུབ་ཀྱིས་བཏུངས་པས་ཉམ་ཆུང་ང་ཡི་སེམས་ཀྱི་བུམ་པ་ཆུང་ཆུང་འདི།།
དབྱིན་བོད་ཧིན་གྱི་གཞུང་ལུགས་དུ་མ་མ་ཤོང་ཕྱི་རུ་ལུད་གྱུར་པས།།
བློ་གསལ་ཚོགས་རྣམས་ལེན་དུ་ཕེབས་ཤིག་འདི་ན་ཤེས་བྱའི་ནོར་བུ་ཡོད།།
ཅེས་བྱ་བ་ནི་ཁྲིམས་ཞིབ་པའི་དྲེགས་པ་དང་སྤྲོ་བ་འདྲེས་པའི་བར་སྐབས་ཀྱི་ཉམས་དགའ་བའི་གཏམ་མོ།།
དྭོགས་པ་དང་དགོངས་འཆར་ཡོད་ན་གསུང་པར་དགའ་བསུ་ཞུ།
