ཚེ་རིང་སྐྱིད་རྙེད་སྟངས་ཤིག
ལོ་ངོ་གཉིས་དང་གསུམ་འགྲོ་སོང་། ངས་ཚེ་རིང་སྐྱིད་ཀྱི་མིང་ཡང་གསལ་བོ་ཞིག་ཐོས་མ་མྱོང་། སྐབས་དེ་འདྲ་ཞིག་ལ་སུ་ཇ་སྤིར་སློབ་གྲྭ་རུ་ཆུ་མིག་ཟེར་བའི་བུད་མེད་གཞོན་ནུ་མ་ཞིག་གི་མིང་དེ་དང་འགྲོག་པའི་ཚེ་རིང་སྐྱིད་ཟེར་བ་ཞིག་གོ་ཐོས་བྱུང་། དེ་དུས་སུ་ང་དང་གྲོགས་པོས་མཐོང་མྱོང་བའི་བུད་མེད་དེ་ཡིན་པ་ཤེས་ཀྱི་མེད། ཤེས་ཀྱང་དགེ་མཚན་གང་ཡོད།
ཚེ་རིང་སྐྱིད། ཚེ་རིང་སྐྱིད། དེ་ཤེས་ཀྱི་མེད་དམ། སྔོན་ཆད་ཅིག་ཅིག་གི་སློབ་གྲོགས་རེད། སྔོན་ཆད་ཅིག་ཅིག་གི་དགའ་རོགས་རེད། སྔོན་ཆད་ཅིག་ཅིག་གི་ངོ་ཤེས་རེད། ད་དངོས་ནས་བུད་མེད་དེར་རྒྱུ་མཚན་ཞིག་ཡོད་པ་མ་རེད། དངོས་ནས་རེད། ཁོ་མོས་བོད་ཡིག་གི་སྟེང་ནས་རྩོམ་ཡིག་འབྲི་བཞིན་འདུག བདེན་པ་རེད། གོ་སོང་། ཁོ་མོས་རྩོམ་དེབ་ཅིག་མི་རིང་བར་འཕུད་གྲབས་འདུག ཡག་པོ་རེད།
མྱི་ཁ་ནི་རླུང་དམར་དང་འགྲོག་ནས་འཚུབ་དེ་འོང་གི་འདུག ངས་ཁོ་མོ་དེ་ལྟར་ཤེས། དེ་དུས་གཞི་ནས་ངས་ཁོ་མོ་ལོ་ངོ་ཁ་ཤས་ཀྱི་སྔོན་དེར་མཐོང་བའི་བུད་མེད་ཞི་དུལ་བག་ཡོད་ཅན་དེ་ཡིན་པ་ཤེས་སོང་། དེ་ལྟར་ངས་ཁོ་མོ་ལ་མྱུལ་མ་བྱེད་འགོ་བཙུགས་སོང་། དེ་ནི་ང་རང་གི་རྣམ་ཤེས་ཁོ་མོའི་ཕྱོགས་སུ་འགྲུལ་བཞུད་བྱེད་སྟངས་རེད། དེ་ནས་བཟུང་། ངས་ཚེ་རིང་སྐྱིད་ཀྱི་འགྲོ་འདུག་སྤྱོད་གསུམ་ལ་ཉན། བུད་མེད་གཞན་དག་ལས་ང་རང་ཁོ་མོའི་སྐོར་ལ་ཉན་འདོད་ཡོད་མཁན་ཞིག་དུ་གྱུར། རྒྱུ་མཚན་གསལ་བོ་ཞིག་ངས་ཀྱང་རྩར་གཅོད་མ་བྱས། རྒྱུ་མཚན་ནི་རང་ཉིད་དགའ་སའི་བུད་མེད་དེ་ནི་མ་རེད། དེ་མིན་པ་ནི་རང་གི་གསལ་བོ་དགས་པོ་ཤེས་ཡོད།
ཚེ་རིང་སྐྱིད་ཀྱི་རྩོམ་བཏུས་སླེབས་སོང་། རྡོར་གདན་གྱི་མཆོད་རྟེན་འགྲམ་དུ་བཙོང་གི་འདུག ཉོ་མཁན་མི་ཉུང་བ་ཞིག་འདུག་ལ། མི་ཉུང་བ་ཞིག་ཉོ་མཁན་གྲྭ་བ་རེད་འདུག་ལ། ཁ་ཤས་ཀྱི་འདྲ་དཔར་ཁོ་ནར་བལྟས་དེ་ཡང་ཉོ་བཞིན་འདུག དེ་དུས་ངས་ལག་པར་ཚེ་རིང་སྐྱིད་ཁོ་མོ་རང་ཉིད་ཀྱི་བྲིས་པའི་བརྩམས་དེབ་ཐོག་མ་དེར་འབྱོར་སོང་། ངས་ཀྱང་ཁོ་མོའི་སེམས་ཁམས་དེ་ནས་ཀློག་པ་ཡིན། དེ་དུས་ང་རང་ཁོ་མོ་དང་ཅུང་ཙམ་ཉེ་རུ་སོང་། ཡིན་ཡང་། ཁོ་མོ་དངོས་སུ་གཏན་ནས་འབྲེལ་བ་མེད་ཟེར་ན་འགྲིག ཀློག་པ་པོ་ཞིག་ལས། རྗེས་སུ་ཡང་ངེད་གཉིས་ལ་ཐད་ཀར་གྱི་ངོ་ཤེས་དེ་འདྲ་གཏན་ནས་ཆགས་མ་མྱོང་།
ངས་བསམ་བློའི་ནང་དུ་ཚེ་རིང་སྐྱིད་འདི་དངོས་ནས་བོད་ཀྱི་བུད་མེད་ཁྲོད་ཀྱི་ཡར་ཐོན་ཅན་གྱི་དུས་རབས་གསར་བའི་བོད་ཀྱི་བུད་མེད་ཅིག་རེད་ཨང་སྙམ་པ་ལས་བསམ་བློ་ཞེ་དྲགས་རྒྱང་རིང་དུ་བཏང་མེད། ཕྱིས་སུ་ཁོ་མོ་ངེད་ཀྱི་གྲོགས་པོ་དེ་དང་ཐག་ཉེ་ཆགས་སོང་ན་ཡང་། ང་དང་ལྷན་དུ་དངོས་སུ་ཐག་ཉེ་ཆགས་མ་སོང་། རྒྱུ་མཚན་ནི་གང་ཡིན་ངས་ཀྱང་འབད་བརྩོན་མ་བྱས། གང་ལྟར། ངས་ད་དུང་ཚེ་རིང་སྐྱིད་ལ་གསང་མྱུལ་ལྟ་བུའི་ཚོར་བ་དེ་ལྷག་མི་འདུག ཡིན་ཡང་། ད་དུང་གསལ་བོ་རེད་འདུག ང་རང་ཁོ་མོ་ལ་གཏན་ནས་དགའ་བ་རེད་མི་འདུག
ཚེ་རིང་སྐྱིད་ཐོབ་འདུག ག་རེ་ཐོབ་འདུག འགྲན་རྩོད་མེད་སྟབས། ཁོ་མོ་བོད་ཀྱི་མཛངས་མ་ཐོབ་འདུག་ཟེར། དེ་དུས་ཁོ་མོ་ཡང་རེ་ཞིག་རིང་སྔོན་ཆད་ཀྱི་བུད་མེད་དེ་དང་གཏན་ནས་མི་འདྲ་བ་ཞིག་དུ་གྱུར་སོང་། ངས་མཐོང་ལམ་ནས་འགྱུར་སོང་། ཁོ་མོའི་སྐྱེ་གཟུགས་འགྱུར་མོ་སོང་། ཡིན་ཡང་། ཁོ་མོ་འགྱུར་སོང་། ངས་ལྟ་ཕྱོགས་ནས་འགྱུར་སོང་། ང་རང་ཡང་ཁོ་མོ་ལ་ཡིད་ཐང་ཆད་སོང་། ངས་གསང་མྱུལ་བྱེད་ཀྱིན་པའི་ཚོར་བ་དེ་ཡང་རེ་ཞིག་གྲགས་འགུལ་མི་འདུག ལྷག་དུ་ཁོ་མོ་ལ་ཞེ་དྲགས་ལྟ་འདོད་ཀྱང་མེད་པར་གྱུར་སོང་། གཅིག་བྱས་ན། ཁོ་མོ་ནི་གཏན་ནས་འགྱུར་མེད་ཀྱང་སྲིད་པ་རེད། འོན་ཀྱང་། ངས་མཐོང་ལམ་གྱི་ཚེ་རིང་སྐྱིད་དེ་འགྱུར་སོང་།
སྐབས་དེར་ཚེ་རིང་སྐྱིད་ལ་དགའ་རོགས་མང་གི་ཟེར། དགའ་མཁན་མང་གི་ཟེར། དགའ་རོགས་བྱེད་འདོད་མཁན་མང་གི་ཟེར། སྲང་ལམ་གྱི་སྐད་ཆ་ནི་སུ་ལ་ཡང་འདྲི་མ་དགོས་པར་ངས་གསང་མྱུལ་བྱེད་འདོད་མེད་པའི་ཚོར་བ་དེ་ཡི་གམ་དུ་ཡང་ཡང་བསྐྱལ་ནས་འོང་གི་འདུག ངས་ག་ལེར་བཞག་པ་ཡིན། ཉན་འདོད་ཀྱང་ཞེ་དྲགས་མ་བྱུང་། སྐབས་དེ་འདྲ་ཞིག་ལ་ཁོ་མོས་བརྩམས་དེབ་གཉིས་པ་ཟླ་བའི་ཚོམས་ཟེར་བ་ཞིག་སླེབས་སོང་། གཞི་ནས་ང་རང་གི་ཚོར་བའི་གསང་མྱུལ་བྱེད་སྟངས་གསར་བ་ཞིག་འགོ་འབུས། གང་ལྟར། ཁོ་མོ་དེ་ནས་བཟུང་གཞན་ཡུལ་ཞིག་དུ་སོང་བར་ཐོས་སོང་།
ངས་གང་ལྟར་རྣ་བ་ཁོ་མོའི་ཕྱོགས་སུ་གཏད་པ་ཡིན། ཉིན་ཞིག་བོད་ནང་གི་དྲ་རྒྱ་མཆོད་མེ་ཟེར་བ་དེ་ལས་ཁོ་མོ་མཐོང་སོང་། ཁོ་མོའི་སྐྱེ་གཟུགས་མཐོང་སོང་། ཁོ་མོའི་རྩོམ་ཡིག་མཐོང་སོང་། སླར་ཡང་། ངས་ཚོར་བས་གསར་མྱུལ་གྱི་ལམ་ཕྲན་དུ་ཁོ་མོ་བསུས་སོང་། དེ་ནས་བཟུང་དེ། ཁོ་མོ་ནི་བོད་ཀྱི་དྲ་རྒྱ་བོད་ཕྱི་ནང་གཉིས་ཀྱི་གང་སར་མཐོང་རྒྱུ་འདུག སྐབས་དེ་འདྲ་ཞིག་ལ་ཁོ་མོ་སླར་ཡང་རྡ་སར་སླེབས་སོང་། རྡ་ས་ནས་ལས་ཀ་བྱེད་འགོ་བཙུགས་སོང་། བོད་ཀྱི་དུས་བབ། བོད་ཀྱི་བུད་མེད་ལྷན་ཚོགས། དེ་དང་འགྲོག་ནས་ངས་ཚེ་རིང་སྐྱིད་ཀྱི་འདས་པ་ལ་བསམ་གཞིགས་བྱེད་འགོ་བཙུགས་པ་ཡིན། ཁོ་མོའི་མི་ཚེ་ཡི་ལམ་བར་དུ་རང་གི་དྲིན་ཆེན་ཨ་མ་བོར་སོང་། བརྩེ་བ་ཆེས་ཟབ་མོ་ཡོད་པར་གླེང་བའི་ཁོ་མོའི་དགའ་རོགས་ཤིག་འབོར་སོང་། ད་དུང་། མ་ཤེས་པའི་གཞན་དག་མང་བོ་ཞིག་ཡོད་ཀྱང་སྲིད། རེད་དེ། ཁོ་མོ་ད་དུང་བསྐྱོད་ཀྱིན་འདུག ང་དངོས་ནས་སེམས་འགུལ་ཐེབས་དུ་བཅུགས་སོང་། ཁོ་མོས་ད་དུང་བོད་ཡིག་དང་བོད་སྐད་སྐྱུར་མ་སོང་། ཁོ་མོས་ད་དུང་རང་གི་མི་རིགས་དང་བུད་མེད་ཀྱི་ཐོབ་ཐབ་གཡུགས་མ་སོང་།
སླར་ཡང་མྱི་ཁ་ཇེ་མང་རེད། ཚེ་རིང་སྐྱིད་ཅིག་ཅིག་གི་དགའ་རོགས་རེད་ཟེར། ཚེ་རིང་སྐྱིད་ཅིག་ཅིག་མུག་མུག་གི་གཡུགས་པ་རེད་ཟེར། ཚེ་རིང་སྐྱིད་ཅིག་ཅིག་ཉུག་ཉུག་དང་འགྲོགས་ནས་ཕྱི་རྒྱལ་དུ་སོང་ནས་ཕྱིར་རང་ཁ་མ་གསོས་པར་ཡོང་བ་རེད་ཟེར། ཚེ་རིང་སྐྱིད་ནི་མོ་སྒོ་ཡོད་པ་ལས་ཁྲེལ་གཞུང་དང་ཕྱི་ཐག་མེད་པའི་བུད་མེད་ཅིག་རེད་ཟེར། དོན་དངོས་སུ་མྱི་ཁ་ནི་རླུང་དམར་ལས་ཀྱང་རྒོད་ལ། ཚེར་མ་ལས་ཀྱང་རྩུབ་མོ་རེད་འདུག ཡིན་ཡང་། ངས་ཚེ་རིང་སྐྱིད་རྙེད་འགོ་བཙུགས་སོང་།
ཚེ་རིང་སྐྱིད་ནི། དུས་རྟག་དུ་མྱི་ཁའི་ཁྲོད་དུ་ཡོད་པའི་ཁྲེལ་གཞུང་མེད་པའི་བུད་མེད་དེ་རེད་མི་འདུག ཚེ་རིང་སྐྱིད་ནི་དུས་རྟག་དུ་རང་ཚུགས་མེད་པའི་བུད་མེད་ཆལ་མོ་དེ་རེད་མི་འདུག ཚེ་རིང་སྐྱིད་ནི། ལོ་ངོ་བཅུ་ཕྲག་གཅིག་རིང་དུ་དཀའ་སྤྱད་མི་ཉུང་བ་ཞིག་བརྒྱུད་དེ་འོང་བའི་བོད་ཀྱི་བུད་མེད་དག་གི་དམིགས་དཔེ་ལྟ་ཡུལ་ཞིག་རེད་འདུག ཁོ་མོ་ནི་རང་ཉིད་ཀྱི་སྐད་ཆ་ལ་འགན་འཁུར་ལེན་མཁན་ཞིག་དང་། རང་ཉིད་ཀྱི་གང་འདོད་པ་གླེང་འཕོད་པ་ནས་སྒྲུབ་པར་ལུས་ངག་གཉིས་ནས་བརྩོན་ལེན་བྱེད་མཁན་གྱི་དུས་རབས་གསར་བའི་བོད་ཀྱི་བུད་མེད་ཅིག་རེད་འདུག་ལ། བོད་ཀྱི་དུས་རབས་གསར་བའི་ཁྲོད་ཀྱི་བོད་ཀྱི་བུད་མེད་སྨྱུག་ཐོག་པ་རྩེ་གྲས་ཀྱི་གྲངས་ཤིག་རེད་འདུག ཁོ་མོས་མྱི་ཁ་དང་འཕྱ་དམོད་ཀྱི་ཁྲོད་དུ། བོད་ཀྱི་བུད་མེད་ཐོང་ཐང་གླེང་བ་ནས་ཐོབ་ཐང་ལ་བརྩི་བཀུར་དང་དང་ལེན་བྱས་སོང་བ་མ་ཟད། བོད་ཀྱི་བུད་མེད་ཚོས་ཀྱང་རང་ཉིད་ལ་བརྟེན་ནས་རྐ་ལག་འགུལ་སྟངས་ཀྱང་གསར་བ་མི་ཉུང་བ་ཞིག་བསླབས་སོང་།
ད་ནི་ཚེ་རིང་སྐྱིད་ཨ་རི་ན་འདུག བོད་པ་ཚོས་རྨི་ལམ་རྨིས་སའི་ཨ་རི་ན་འདུག བོད་པ་ཚོས་སྤྱངས་ན་ལག་རྗེས་མེད་པར་འདོད་པའི་བོད་ཡིག་ལ་འཐམ་ནས་ལས་ཀ་བྱེད་ཀྱིན་འདུག བོད་པ་ཚོས་རྒྱུན་དུ་ལྟ་ཉན་བྱེད་སའི་ཨ་རིའི་རླུང་འཕྲིན་ཁང་གི་ལས་བྱེད་ཆགས་འདུག ད་དུང་། དྲ་ནང་གི་བོད་ཅེས་པའི་ལེའུ་ཚན་ཞིག་གི་གཙོ་སྐྱོང་བ་རེད་འདུག མྱི་ཁ་ལས་ཐར་སོང་། འཕྱ་དམོད་ལས་ཐར་སོང་། བརྙས་བཅོས་ལས་ཐར་སོང་། ཐར་སོང་བའི་ས་ཞིག་ན་ཚེ་རིང་སྐྱིད་འདུག་ལ། ད་དུང་བོད་ཡིག་ལ་ཧ་ཅང་བརྩེ་བ་འདུག ཟིན་བྲིས་ཀྱང་ཆེས་མི་ཉུང་བ་ཞིག་ལས་ཞོར་དུ་འབྲི་བཞིན་འདུག འཛམ་གླིང་ཡུལ་གྲུ་ཁག་གི་བོད་མི་མི་ཉུང་བ་ཞིག་གིས་ཀྱང་ཚེ་རིང་སྐྱིད་ཤེས་སོང་། ད་ནི་ཚེ་རིང་སྐྱིད་ཀྱི་རྨི་ལམ་མངོན་མ་ཞིག་གི་འགོ་འབུས་པ་རེད། རྨི་ལམ་དེ་ལས་ཀྱང་རིང་བའི་སྐས་འཛིགས་དེ་ནས་ཁོ་མོའི་ཕུགས་བསམ་ནི་བོད་ཀྱི་བུད་མེད་ཀྱི་ལས་དབང་དང་། བོད་མི་རིགས་ཀྱི་བདེ་སྡུག་གླེང་མཁན་གྱི་མགྲིན་ཚབ་པ་ཞིག་དུ་གྱུར་ཡོད།
ངས་འདི་ནས་ཚེ་རིང་སྐྱིད་རྙེད་སོང་། ད་ནི་ཚེ་རིང་སྐྱིད། ཁྲེལ་གཞུང་མེད་པ་དེ་ནི་རེད་མི་འདུག ཚེ་རིང་སྐྱིད་ནི་ཆལ་མོ་ཞིག་རེད་མི་འདུག ཚེ་རིང་སྐྱིད་ནི་དུས་རབས་གསར་བའི་བོད་ཀྱི་བུད་མེད་དག་གི་དམིགས་དཔེ་བྱེད་ཡུལ་གྱི་བོད་ཀྱི་དུས་རབས་གསར་བའི་བུད་མེད་ཅིག་རེད། ཡིན་ཡང་། ཁོ་མོའི་སྒེར་གྱི་འཚོ་བསྡོད་ཀྱི་རང་དབང་སྐོར་ལ་མྱི་ཁ་གཏོང་འདོད་ཡོད་མཁན་དག་གིས་ད་དུང་ཡང་ཁོ་མོ་རྙེད་མི་སྲིད་ལ། ཁོ་མོ་ཤེས་འདོད་ཀྱང་མེད་ཤས་ཆེ། གང་ལྟར། ང་དང་ཚེ་རིང་སྐྱིད་ཀྱི་བར་དུ་མི་ཚེ་ནང་དུ་གྲོགས་པོ་དང་་ངོ་ཤེས། ཡང་ན། ངོ་གདོང་དང་ངོ་གདོང་འཕྲད་དེ་སེམས་གཏམ་བཤད་མྱོང་བའི་ལོ་རྒྱུང་གང་ཡང་མེད་པ་ནི། དྲ་ཐོག་གི་སྤུན་ཟླ་དག་གིས་གསལ་བོ་མཁྱེན་པར་མཛོད། ངས་དེ་རིང་ཚེ་རིང་སྐྱིད་རྙེད་སྟངས་སྐོར་འདི་འབྲི་དོན་ནི། ང་ཚོས་རང་གི་རིགས་ཀྱི་སྐྱེ་བ་དང་བུད་མེད་སུ་ཞིག་ཡིན་ཡང་། དམིགས་དཔེ་དང་ལྟ་ས་ཡོད་པ་དང་། ལག་རྗེས་དང་ཧུར་བརྩོན་ལྡན་པ། མི་རིགས་ཀྱི་ལས་དོན་ལ་མུ་མཐུད་དུ་བརྩོན་པ་བྱེད་མཁན་གང་ན་སུ་ཡོད་པ་དེར་རང་མི་རིགས་ཀྱི་བདག་སྐྱོང་བྱེད་ལུགས་དང་གུས་བརྩི་དང་དགའ་ཞེན་བྱེད་ལུགས་ནོར་མི་ཉན་པའི་སྐོར་ལ་བརྡ་ཞིག་བརྒྱབས་པ་ལས། ཚེ་རིང་སྐྱིད་ཀྱི་ས་ནས་ང་རང་ལ་ཁེ་དཔག་སོགས་ཐོབ་རྒྱུར་དམིགས་དེ་གཏན་ནས་བྲིས་མེད་ལ། ཁོ་མོས་ས་ནས་ང་རང་ལ་དོན་དངོས་དག་གང་ཡང་ཐོབ་རྒྱུ་མེད། ཐོབ་པར་གཏན་ནས་རེ་བ་ཡང་བརྒྱབས་མྱོང་མེད།
དེ་རིང་གཞི་ནས་ངས་ཚེ་རིང་སྐྱིད་ལ་གསང་མྱུལ་བྱས་པའི་ཚོར་བ་འདིས་དོན་དངོས་ཅི་ཞིག་བསམ་པ་དེ་རྙེད་ནས་ཡིག་ཐོག་ལ་ཕབ་པ་ཡིན། རྒྱུ་མཚན་ནི་ཁོ་མོ་ནི་བོད་ཡིག་ལ་དགའ་བའི་བོད་ཀྱི་བུད་མེད་ཅིག་དང་། བོད་ཡིག་གི་འབྲི་རྩོམ་དགའ་བའི་བོད་ཀྱི་བུད་མེད་ཅིག་ཡིན་པས་རེད་འདུག ད་དུང་། ཚེ་རིང་སྐྱིད་དང་འདྲ་བ་ཁ་ཤས་ཤིག་ང་རང་གི་ཚོར་བའི་གསང་མྱུལ་ཁྲོད་དུ་ལུས་ཡོད། ག་ལེར་དགོས་འཁོ་བྱུང་བ་ཡིན་ན། ངས་མུ་མཐུད་དུ་སྤེལ་ངེས་ཡིན། དྲ་གྲོགས་ཚོ། ངས་ཞིབ་མོ་ཞིག་འབྲི་འདོད་ཡོད་ཀྱང་། མདོར་བསྡུས་འདི་ཙམ་ཞིག་མ་གཏོགས་འབྲི་ཐུབ་མ་སོང་། དེ་ཡི་ཐད་དུ་བློ་ཁ་མ་འཁེངས་པ་དང་། ཁོ་མོ་ལ་རྙེད་སྟངས་སྐོར་ལ་མ་འདྲ་བ་རེ་གསུང་རྒྱུ་ཡོད་ན་ཁ་སྣོན་རྒྱོབས་དང་དགའ་བསུ་ཞུ།
