གཟའ་འཛིང་བར་གྱི་སྙན་ངག

Read More

ཇོ་ཇོའི་རྐང་བ་གྲོགས་པོའི་ཆང་གིས་བཅག་འདུག།

ཐབ་ཆས་ཁ་ཤས་ཁང་ཆུང་སྦུགས་ནས་ཆགས་འདུག།

ཨ་ཅག་སེམས་པ་ཇོ་ཇོའི་མི་ཚེས་སྨྱོས་འདུག།

མིག་ཆུ་ཐིགས་པ་སྔས་འགོའི་འོག་ན་འཁྱིལ་འདུག།

ཇོ་ཇོའི་ནང་ལ་ཇག་པའི་དགྲ་བོ་སླེབས་སམ།།

ཀི་སྒྲ་ཤར་རེ་འཐབ་འཛིང་དྲག་པོ་བྱས་བྱུང་།།

ཨ་ཅག་མཚོ་མོ་ཇག་པས་ཁྲིད་པ་རེད་དམ།།

ཞེད་སྣང་ཞིག་གིས་ངུ་ཤར་འཐེན་བཞིན་བྲོས་བྱུང་།།


ཇོ་ཇོའི་ནང་ལ་སྙིང་སྡུག་བྱམས་པ་སླེབས་རེད།།

དཔུང་ཤེད་ཡོད་ཚད་ཁོ་མོའི་སྟེང་ལ་ངོམ་རེད།།

ཨ་ཅག་མཚོ་མོ་སྙིང་གི་ཁྱོ་བོས་ཁྲིད་རེད།།

ངུ་སྐད་ཤར་རེ་ཁོང་གི་འགྲམ་ནས་བྲོས་རེད།།


ཨ་ཅག་མཚོ་མོ་ཙི་ཙི་ཆུང་ཆུང་རེད་དམ།།

ཙི་ཙིའི་དུག་སྨན་ཁ་ལ་བཞག་ནས་ཟོས་སོང་།།

ཨ་ཇོ་རྒྱ་མཚོ་ཕོ་རྒོད་ངར་མ་རེད་དམ།།

ཆུང་མའི་སྐྲ་ལོ་སྦར་མོའི་ནང་ལ་ཁྱེར་འདུག།


ཇོ་ཇོའི་ལག་པ་ཆང་གིས་དབང་ཡོད་གཏོང་སོང་།།

མ་བཅོས་སེམས་ན་མཚོ་མོའི་དཀྱིལ་འཁོར་བྲིས་འདུག།

ཨ་ཅག་མཚོ་མོ་ཙི་ཙི་ཆུང་ཆུང་མ་རེད།།

འུ་ཐུག་མེ་ཚེ་ཙི་ཙིའི་སྨན་ལ་བཅོལ་རེད།།


ཁང་ཆུང་དོག་པོ་ཟིང་འཁྲུག་སློང་ས་རེད་དམ།།

བདུན་ཕྲག་རེ་ལ་འུར་སྒྲ་ཆིལ་ལེ་ལུས་འདུག།

བུ་ཆུང་བསྟན་འཛིན་ཞེ་ནད་ཁྱེར་མཁན་རེད་དམ།།

ཕ་མའི་འགྲམ་ན་མིག་ཆུ་ཤར་རེ་ལྟས་འདུག།


རྡ་སའི་གླས་ཁང་གཞང་ཚོང་མ་དང་ཆ་རེད།།

དངུལ་ལོ་བསྡུས་ནས་འཚང་ཁ་ཤར་རེ་བསྡད་ཡོད།།

བུ་ཆུང་སེམས་ལ་སྡུག་གི་རྒྱ་མཚོ་ལོས་འཁྱིལ།།

གཞན་གྱི་འགྲམ་ནས་ངོ་ཚས་གདོང་ལྤགས་བཤུས་སོང་།།


ཨ་ཅེ་མཚོ་མོ་གཡང་ས་ཞིག་ནས་རིལ་ལམ།།

སྔོ་ཐིག་ཆགས་ནས་སྨན་ཁང་ནང་དུ་ལུས་འདུག།

ཨ་ཇོ་རྒྱ་མཚོ་བྱི་མི་ཞིག་དང་འཛིངས་སམ།།

རྨ་ཤུལ་ཤར་རེ་ལས་དཀའ་བྱེད་མཁན་འབྱོར་བྱུང།།


མཚོ་མོའི་སྟེང་ལ་ཨ་ཇོའི་ལག་པ་རིལ་སོང་།།

གདོང་བའི་རྨ་རྗེས་སེམས་ཀྱི་དཀྱིལ་དུ་དོད་སོང་།།

རྒྱ་མཚོའི་གདོང་ལ་ཨ་ཅག་མཚོ་མོ་འཐམ་སོང་།།

སེན་རྗེས་རི་མོ་མི་ཚེའི་དྲན་རྟེན་ཉར་སོང་།།


རྒྱ་མཚོ་བཟའ་མིའི་གྱོད་གཞི་གང་ལ་ཐུག་འདུག།།

ཁྱོད་དང་ང་ཞེས་ལོག་ཁར་བྱེ་གྲབས་བྱས་བྱུང།།

སྡུག་གི་སེམས་པ་ལག་པའི་ནང་དུ་ཟག་ཀྱང་།།

བློ་ཁོག་མེད་ན་མི་ཚེའི་ཐག་གཅོད་ཐུབ་བམ།།


གྱོད་གཞིའི་རྩ་བ་ཨ་རག་ཁོག་ལ་སོང་འདུག།།

ཁ་སང་དགོང་མོ་དགོད་སྒྲ་ཆིལ་ལེར་བསྡད་འདུག།།

སྙིང་གཏམ་སྦྲང་རྩི་ཐར་རེ་ཐོར་རེ་ཤད་དུས།།

སེམས་ཀྱི་བུང་བ་ཡང་ཡང་དེ་ལ་འཁོར་སོང།།

ཕྱི་ལོ་ ༢༠༡༠་༦་༡༦། ཉིན་རྡ་ས་ནས་འཆམ་ར་བས།