༧གོང་ས་མཆོག་དང་རྒྱ་གར་སྲིད་བློན་མཇལ་འཕྲད་ལ་ངོ་རྒོལ།

ཟླ་འདིའི་ཚེས་༢༠ ཉིན་རྒྱ་གར་གྱི་བརྒྱུན་ལམ་ཁག་ནས་གནས་ཚུལ་སྤེལ་བ་ལྟར་ན། ཉེ་དུས་རྒྱ་གར་གྱི་རྒྱལ་ས་ལྡི་ལི་གསར་པའི་ནང། རྒྱ་གར་གྱི་དཔོན་པོ་ཆེས་མཐོ་ཤོས་སྲིད་བློན་མན་མོ་ཧན་སིང་དང། བོད་ཀྱི་དབུ་ཁྲིད་༧གོང་ས་ཏཱ་ལའི་བླ་མ་གཉིས་མཇལ་འཕྲད་གནང་ཡོད་པར། རྒྱ་ནག་གཞུང་གིས་ཕྱི་ལོ་༡༩༥༩ ནས་ཏཱ་ལའི་བླ་མས་ཁ་བྲལ་གྱི་ལས་འགུལ་སྤེལ་ནས་འགྲོ་བཞིན་ཡོད་པ་དང། རྒྱ་གར་གྱི་དཔོན་རིགས་ཚོས་ཁོང་དང་མཇལ་འཕྲད་གནང་བ་དེར་རྒྱ་ནག་གཞུང་གིས་ངོས་ལེན་བྱེད་མི་ཐུབ་པའི་སྐོར་གྱི་སྐྱོན་བརྗོད་བྱས་ཡོད་པ་རེད།

རྒྱ་གར་གྱི་སྲིད་བློན་མཆོག་གིས་ལོ་སྔོན་མར་བསྐྱར་དུ་སྲིད་བློན་གྱི་ལས་འགན་བཞེས་ནས། ད་ཐེངས་༧གོང་ས་མཆོག་དང་མཇལ་འཕྲད་གནང་བ་ཐོག་མ་དེ་ཆགས་ཡོད་པ་དང། ཁོང་གཉིས་མཇལ་འཕྲད་སྐབས་བོད་ཀྱི་གནད་དོན་དང། རྒྱལ་སྤྱིའི་གནད་དོན་ཁག་ལ་བཀའ་མོལ་གནང་ཡོད་ཅིང། རྒྱ་གར་གཞུང་ཕྱོགས་ནས་དབུ་ཁྲིད་རྣམ་གཉིས་མཇལ་འཕྲད་གནང་བ་དེ། རྒྱ་གར་གཞུང་གིས་བོད་ཐོག་འཛིན་པའི་སྲིད་བྱུས་ལ་བསྒྱུར་བཅོས་གཏོང་འཆར་སོགས་གང་ཡང་མེད་ནའང། རྒྱ་ནག་གིས་དུས་རྟག་ཏུ་མི་མཐུན་ཕྱོགས་ཀྱི་བསམ་ཚུལ་ཁོ་ན་འཛིན་གྱི་ཡོད་རེད་ཅེས་ཁྱབ་བསྒྲགས་བྱས་ཡོད་པ་རེད།།