སྟོང་བསམ་ལས་བྱུང་བའི་བརྩེ་བ།་་་་་་་་་་མུ་འགོད་རྩོམ་སྒྲུང་།

ངོ་མ། ང་ནི་མོ་ཡི་འཛུམ་པའི་ཞལ་རས་མཚར་སྡུག་ལྡན་པ་དེ་དང་སྙན་ཞིང་འཇེབས་པའི་འགྱུར་ཁུག། དར་ལ་བབས་པའི་ལང་ཚོའི་སྒེག་ཉམས་ཀྱིས་ཡོངས་སུ་བཟིས་ནས་རི་དྭགས་སྒྲ་ལ་ཆགས་བ་ལྟ་བུའི་ཅི་ཡང་མི་སྨྲ་བ་མོ་ལ་བལྟས་ནས་བསྡད། དེ་འདྲ་ཡི་སྐྱིད་པའི་རྨི་ལམ་གྱི་ཚལ་དུ་དགལ་བའི་གཞོན་ནུ་མ་ཞིག་དང་མཉམ་དུ་བརྩེ་དགའ་ལ་རོལ་བཞིན་པའི་སྐབས་སུ་སྒོ་ཁ་ནས་སྐད་སྒྲ་ཞིག་གིས་ངའི་སྐྱིད་བའི་རྨི་ལམ་སྦེད་དེ་དཀྲོགས་སོང༌། དེ་ནི་ངའི་སྒོ་འགྲམ་ཏུ་ལམ་ཆུང་ཞིག་ཡོད་པ་དེའི་ནང་འགྲོ་འོང་བྱེད་མཁན་མི་རྣམས་ཀྱིས་རྡོག་སྒྲ་ཡིན་པ་ངེས། ང་སྐྱིད་པའི་རྨི་ལམ་གྱི་ཡུལ་ནས་ལམ་འགྲུལ་པ་དེ་ཚོས་བསྐྲོགས་པ་ལ་འཁངས་ར་བྱས། རྒྱུ་མཚན་ནི་ད་ལྟ་ཁང་ཆུང་གྲུ་བཞིའི་ནང་གཅིག་བུ་ཉལ་ས་སྟེང་དུ་ལུས་ཡོད་པའི་སྐྱོ་སྣང་གི་སྐྱིད་པའི་རྨི་ལམ་གྱི་ཡུལ་ནས་ནམ་ཡང་སད་འདོད་མེད་པ་དེ་རེད།