༧རྒྱལ་བ་རིན་པོ་ཆེ་ལ་ཡིད་ཆེས་ཡོད་དམ།
དེས་ན་ཡིད་ཆེས་མེད་མཁན་དེ་དག་གིས་རྒྱལ་བ་རིན་པོ་ཆེ་ལ་ཡིད་ཆེས་མི་བྱེད་དོན་གང་ལ་ཐུག་པ་རེད་དམ། རྒྱལ་བ་རིན་པོ་ཆེ་ནང་བ་ཞིག་ཡིན་པའི་སྟབས་ཀྱི་ཡིན་ནམ། མི་དེ་ནི་ནང་ཆོས་ལ་མི་དགའ་མཁན་ཞིག་རེད་དམ། ཁོ་རང་ནང་ཆོས་ལ་མི་དགའ་བའི་རྒྱུ་མཚན་ཏག་ཏག་གང་རེད་དམ། དོན་དངོས་ཐོག མི་དེ་ཡི་རིགས་ཀྱི་ནང་ཆོས་ལ་སློབ་སྤྱོང་བྱེད་མྱོང་ཡོད་དམ། ནས་ཆོས་ལ་བག་ཆགས་བཞག་མྱོང་ཡོད་དམ། གང་ལྟར། ཁོང་ཚོ་སྐྱེ་འགྲོ་མི་ཞིག་ཡིན་དུས་ཁོང་ཚོ་ལ་རང་རང་གི་དབང་ཚད་ལོས་ཡོད། དབང་ཚད་དེ་ཡང་ཁོང་ཚོས་ཇི་འདྲ་ཞིག་ལ་ངེས་འཛིན་བྱེད་ཀྱི་ཡོད་པ་རེད་དམ། མི་རིགས་ཤིག་གི་ངོ་བོའི་སྟེང་ནས་བྱེད་ཀྱི་ཡོད་དམ། ཡང་ན་འགྲོ་བ་མི་ཟེར་བའི་དབང་ཚད་ཅིག་ལ་བརྟེན་གྱི་ཡོད་དམ། དོན་དངོས་སུ་རྒྱལ་བ་རིན་པོ་ཆེ་ལ་ཁོང་ཚོ་དོན་དངོས་སུ་ཡིད་ཆེས་མེད་པ་དེ་ནོར་འཁྲུལ་དུ་བརྩི་དོན་ཡང་ཁོང་ཚོ་བོད་མི་ཡིན་པས་ལན་པ་ཆགས་ཡོད་པ་རེད་དམ།
བོད་མི་ག་གེ་མོ་ཞིག་ནས་རྒྱལ་བ་རིན་པོ་ཆེ་དད་པ་ཡོད་ལུགས་གང་དུ་སོང་ཡང་བཤད་ཀྱི་ཡོད་ལ། གང་ནས་ཡིན་ཡང་མནའ་བསྐྱལ་དུས་དང་དམ་བཅའ་འཇོག་དུས་སུ་རྒྱལ་བ་རིན་པོ་ཆེ་ཁོ་ན་གླེང་གི་ཡོད། དེ་ཁོ་རང་གི་རྒྱལ་བ་རིན་པོ་ཆེ་ལ་ཡིད་ཆེས་བྱེད་ལུགས་ཡིན་ནམ། དེ་ནི་ཁོ་རང་གི་རྒྱལ་བ་རིན་པོ་ཆེ་རྙེད་པའི་རྒྱུད་རིམ་དང་ཡིད་ཆེས་ལ་བརྩིས་ན་འགྲིག་གི་ཡོད་དམ། ཚོང་ས་ནས་རྒྱལ་བ་བསྟན་འཛིན་རྒྱ་མཚོ། གཏམ་བཤད་ས་ནས་རྒྱལ་བ་བསྟན་འཛིན་རྒྱ་མཚོ། མཆོད་གཤམ་ནང་དུ་རྒྱལ་བ་བསྟན་འཛིན་རྒྱ་མཚོ། ངོ་ཤེས་ཚད་ལ་རྒྱལ་བ་བསྟན་འཛིན་རྒྱ་མཚོ། ཤོ་བརྒྱག་ས་ན་རྒྱལ་བ་བསྟན་འཛིན་རྒྱ་མཚོ། ཆང་འཐུང་ས་ན་རྒྱལ་བ་བསྟན་འཛིན་རྒྱ་མཚོ། རྐུ་བྱེད་ས་ན་རྒྱལ་བ་བསྟན་འཛིན་རྒྱ་མཚོ། མགོ་སྐོར་བསླུ་བྲིད་བྱེད་ས་ན་རྒྱལ་བ་བསྟན་འཛིན་རྒྱ་མཚོ། སྤྱི་དོན་གླེང་ས་ན་རྒྱལ་བ་བསྟན་འཛིན་རྒྱ་མཚོ། སྙན་གྲགས་འཚོལ་ཆེད་དུ་རྒྱལ་བ་བསྟན་འཛིན་རྒྱ་མཚོ། མི་རྐུབ་རྒྱུགས་ས་རྒྱལ་བ་བསྟན་འཛིན་རྒྱ་མཚོ། ཉལ་ཁང་ནང་དུ་རྒྱལ་བ་བསྟན་འཛིན་རྒྱ་མཚོ། མཐའ་ན་བོད་མི་འདུས་བསྡོད་ཀྱི་ཡུལ་གྲུ་མང་ཤོས་ཤིག་ན་རྒྱལ་བ་བསྟན་འཛིན་རྒྱ་མཚོ། འདི་ནི་བོད་མི་ག་གེ་མོ་དག་གི་རྒྱལ་བ་རིན་པོ་ཆེ་ལ་ཡིད་ཆེས་བྱེད་ལུགས་རེད་དམ། དོན་དངོས་སུ་བོད་མི་འདི་ཚོས་རྒྱལ་བ་རིན་པོ་ཆེ་ལ་ཡིད་ཆེས་ཡོད་པ་འདི་ལྟར་བདེན་དཔུང་བྱེད་ཀྱི་ཡོད་དམ། ཡང་ན། རྒྱལ་བ་རིན་པོ་ཆེ་ལ་ཡིད་ཆེས་འདི་ལྟར་བྱེད་དགོས་པ་རེད་དམ།
ང་ཚོས་དོན་དངོས་སུ་མི་ལོ་དོན་ལྔ་ལ་སོན་པའི་རྒྱལ་བ་རིན་པོ་ཆེ་ལ། ཁ་ཞེ་གཉིས་མེད་ཀྱི་ཡིད་ཆེས་བྱེད་ཀྱི་ཡོད་པ་རེད་དམ། ཡིད་ཆེས་བྱེད་ཀྱི་ཡོད་པ་ཡིན་ན། ཡིད་ཆེས་བྱེད་ཀྱི་ཡོད་པའི་རྟགས་དང་མཚན་མ། སྒྲུབ་བྱེད་དང་ནུས་པ། བོད་མི་མི་རེ་ངོ་རེ་ནས་རང་རང་གི་སེམས་ཁོང་ལ་དྲི་བ་ཞིབ་མོ་ཞིག་བཏང་ནས་རང་ཉིད་ཀྱིས་བོད་ཡུལ་ནས་སྐྱེ་ཞིང་གཞན་ཡུལ་དུ་མི་ལོ་ལྔ་གཅིག་ལ་འཁྱམ་ནས་བསྡད་པའི་སྐྱེ་བོ་ཞིག་འཛམ་གླིང་གྲགས་པ་རྒྱས་པ་དང་ང་རང་བོད་མི་ཡོངས་ཀྱི་སྐྱིད་སྡུག་གླེང་བའི་མགྲིན་ཚབ་པ་ཞིག་ཡིན་པར་གླེང་བ་ལྟར། ང་ཚོས་ཀྱང་ཁོང་ལ་ཡིད་ཆེས་ཡོད་ལུགས་དང་དད་གུས་ཆེ་རབས་གླེང་ནས་མི་ལོ་དོན་ལྔར་བཞེས་པའི་བགྲེས་སོང་ཁོང་གཅིག་བུར་ལྟད་མོ་བལྟས་ཏེ། ཚང་མ་ཁྱེད་ཚང་གིས་སྒྲུབ་ངེས་རེད། ང་ཚོར་ཁྱེད་ལ་ཡིད་ཆེས་ཡོད་ཟེར་བ་དེ་ནི་ང་ཚོས་ཁོང་ལ་ཡིད་ཆེས་བྱེད་སྟངས་དང་དད་གུས་བྱེད་སྟངས། གུས་བཀུར་དང་མཐོང་ཆེན་བྱེད་སྟངས་དེ་ཆགས་ཡོད་པ་ཡིན་ནམ་ཅི། སྐྱེ་བ་བོད་ལ་བླངས་པའི་གངས་ཅན་བོད་མི་སྐྱ་སེར་རྣམ་པ་ལགས།
