བཀྲས་མཐོང་བསྟན་འཛིན་རྣམ་རྒྱལ་ལ་འོས་བླུགས་རོགས།

ཟླ་འདིའི་ཚེས་༢༣ ཉིན་བལ་ཡུལ་ནས་བཀའ་ཁྲིའི་འོས་བསྡུའི་གཞི་རིམ་དང་བླངས་ལས་འགུལ་མཐུན་ཚོགས་ཞེས་པའི་མི་སྣ་ཁག་རྒྱ་གར་ལྷོ་ཕྱོགས་མོན་གྷོར་འབྱོར་བ་དང། ཟླ་འདིའི་ཚེས་༢༣ ཉིན་༢༠༡༡ ལོའི་བཀའ་བློན་ཁྲི་བའི་འོས་མི་ཞེས་པའི་བརྗོད་གཞིའི་ཐོག་ཚོགས་འདུ་ཞིག་འཚོགས་སོང།

དེ་ཡང་དང་བླངས་པ་འཕན་པོ་རྒྱལ་མཚན་དང་ཏྲེ་ཧོར་ཐུབ་བསྟན་དཔལ་འབྱོར་གཉིས་ཀྱིས་རིམ་པས་བཀའ་བློན་ཁྲི་པ་དེ་བཀྲས་མཐོང་བསྟན་འཛིན་རྣམ་རྒྱལ་ཡག་ཤོས་ཡིན་སྐོར་གསུངས་སོང། ང་ཚོ་མ་བསྐུལ་དང་བླངས་ཐོག་བོད་སྤྱིའི་རྩ་དོན་རང་ལ་བསམ་བློ་བཏང་ནས་སླེབ་ལ་ཉེ་བའི་བཀའ་སྤྱི་གཉིས་ཀྱི་འོས་བསྡུ་ཆེན་མོ་དེར། མི་སུ་ཞིག་སླེབས་དང་མི་སླེབས་དེ་མི་མང་གི་ལག་པ་ཡོད་པས། བཙན་བྱོལ་ནང་བཀའ་ཁྲིའི་འོས་མིར་བཞེངས་མཁན་མང་པོ་ཡོད་ཀྱང་དེ་དག་གི་ནང་ནས་ཤེས་འཇོན་གཉིས་ལྡན་དང་༧གོང་ས་མཆོག་དང་བོད་སྤྱིའི་རྩ་དོན་ཐོག་ཕན་ཐོགས་མཁན་ནི་བཀའ་ཟུར་བཀྲས་མཐོང་བསྟན་འཛིན་རྣམ་རྒྱལ་མཆོག་ལས་ལྷག་ཅིག་མེད་སྐོར་དང།

ཁོང་ལ་མཚོན་ན་བཙན་བྱོལ་ནང་འཛིན་སྐྱོང་གི་སྒྲིག་འཛུགས་མཐོ་ཤོས་བདེ་སྲུང་དང་། དྲིལ་བསྒྲགས། ནང་སྲིད་སོགས་ཀྱི་བཀའ་བློན་དང་བཀའ་བློན་ཁྲི་པ། དེ་བཞིན་ཨ་རིར་སྐུ་ཚབ་དོན་གཅོད་ཀྱི་ཐུགས་འགན་བཞེས་བ་སོགས་ཀྱིས་མཚོན་པའི་སྐུ་ཚེ་ཧྲིལ་པོར་བོད་དོན་ཐོག་གཏོང་གནང་མཛད་མཁན་ཞིག་དང་། དེ་ཡང་ཁོང་ནི་བོད་མིའི་རྩ་དོན་ཐོག་བཞེངས་ཕྱོགས་བརྟན་ལ། ཆབ་སྲིད་འཛིན་སྐྱོང་ལ་མཁྱེན་རྒྱ་ཆེ་ཞིང་ཉམས་མྱོང་ཚད་དང་ལྡན་པ། རྒྱལ་ཞེན་ལྷག་བསམ་དང་སྐྱེས་སྦྱངས་ཡོན་ཏན་སོགས་ཀྱི་ཤིན་ཏུ་ཕྱུག་པ་མ་ཟད་༧གོང་ས་མཆོག་གི་བཀའ་དགོངས་ལས་ནམ་ཡང་མི་གཡོལ་མཁན་གྱི་མི་སྣ་ཞིག་ཡིན་པས་༢༠༡༡ ལོའི་བཀའ་ཁྲིར་འོས་འདེམས་གནང་རོགས་ཞེས་འབོད་བསྐུལ་གནང་སོང་།

གཞན་ཡང་ཁོང་ཚོས་གསལ་བཤད་གནང་དོན། བཀའ་ཟུར་བཀྲས་མཐོང་བསྟན་འཛིན་རྣམ་རྒྱལ་མཆོག་གི་གཞུང་དངུལ་འབུམ་མང་པོ་ལྐོག་ཟ་བྱས་སྐོར་དེ་སྲང་ལམ་ནང་གི་དཀྲོགས་གཏམ་རང་རེད་མ་གཏོགས་དོན་ལ་ཁོང་ལ་དེ་ལྟ་བུའི་ནག་ཉེས་ཞིག་མེད་པ་གསལ་བོ་རེད། གང་ལེགས་ཞེ་ན། ང་ཚོ་དངོས་སུ་རྩིས་ཞིབ་ལས་ཁུངས་སུ་བཅར་བ་ཡིན་ལ་ཁོང་ལ་དེ་འདྲའི་ནག་ཉེས་ཞིག་མེད་པའི་རྒྱུ་མཚན་ཡང་གསལ་པོ་ཤེས་རྟོགས་བྱུང་ལ་ར་སྤྲོད་གསལ་པོ་བྱེད་ཀྱི་ཡོད་ཅེས་འགྲེལ་བརྗོད་གནང་སོང་།།
མོན་གྷོ་གསར་འགོད་པས།

{jcomments on}