སྟོང་བསམ་ལས་བྱུང་བའི་བརྩེ་བ།་་་་་་་་་་མུ་འགོད་རྩོམ་སྒྲུང་།

བཀྲ་ཤིས་བདེ་ལེགས་ཀྱིས་འཚམས་འདྲི་བྱེད་དང་མཚུངས། དེ་ཡི་རྐྱེན་ལས་སྒྲོལ་མ་ལྷ་མོ་བདག་གི་ཡིད་ལ་བསྐྱར་དུ་འཁོར་ནས། ངའི་གཟུགས་འཛིན་དབང་པོའི་ཡུལ་དུ་མོ་ཡི་དཔྲལ་བ་ནས་རྟིང་པའི་བར་གྱི་གཟུགས་བྱད་དང་སྒེག་ཉམས་གཉིས་དབྱེར་མེད་ངང་ཁྲ་ལྷམ་མེར་ཤར་བྱུང༌། དེ་ཡང་འདི་ལྟར་ཞིག།

དཀར་འཇམ་མཛུབ་མོ་པདྨའི་རྩ་བ་བཞིན།།
སྐེད་པ་མཉེན་མོ་ལྕུག་ཕྲན་ལྡེམ་སེ་ལྡེམ།།
གོམ་བགྲོད་ཡང་མོ་རྨ་བྱའི་འགྲོས་ལ་འགྲན།།
བཞིན་རས་མཚར་བ་སྟག་མའི་མེ་ཏོག་སྐྱེངས།།
མྱོས་པའི་མིག་ཟུང་འོག་ནས་ལྟ་བས་ཚེ།།

ཕོ་གཞོན་ང་ཡི་ཡོད་ཚད་ཁྱོད་ལ་ཤོར།།ཞེས་དངོས་གནས་མོ་ནི་ངའི་སྣང་བྱེད་ཀྱི་ཡུལ་དུ་ཧ་ཅང་མཛེས་ལ། ངས་ཀྱང་ཡིད་འོང་གི་སྐེད་མེད་མ་དེ་ལ་ཡོད་ཚད་ཀྱི་ཡོད་ཚད་ཐམས་ཅད་ཤོར་ཟིན། དེ་འདྲ་བའི་སྐབས་སུ་ཡང་སྒོ་འགྲམ་ནས་རྡོག་སྒྲ་དང་ལྷན་དུ་གླེང་མོལ་གྱིས་སྒྲ་ཞིག་གྲགས་པ་དང༌། ངའི་སྐྱིད་པོའི་འཁྲུལ་སྣང་དེ་ཡང་རྩ་མེད་དུ་བཟོས་སོང༌། ངས་མགོ་ལ་བྱིལ་བྱིལ་ཞིག་བྱས་པའི་ཞོར་དུ་གདོང་ལ་བཅོས་མིན་གྱི་འཛུམ་ཞིག་རྒྱས་ཏེ། སོ་སོའི་འཆར་སྣང་ལ་ཁོང་དགོད་ཅིག་ཤོར་བྱུང་ལ། ང་ནི་དེ་འདྲའི་བླུན་རྟགས་ལ་ཨང༌། མོས་ང་ལ་སེམས་པ་ཤོར་ཨེ་ཡོད་དམ། སོ་སོས་སོ་སོ་ལ་དཀའ་ལས་སྤྲད་ནས་ཅི་བྱེད། དེ་ལས་སོ་སོ་རང་ཚུགས་ཟིན་ན་དགའ་སྙམ། ཡིན་ནའང་བརྩེ་བ་ནི་དེ་འདྲའི་སྟོབས་ཤུགས་ཆེ་བ་ལ་ཨང་། དེ་ཡི་ཐད་བསམ་བློ་མ་གཏང་ན་དྲན་ཡང༌།ངས་མོ་ལ་བཅང་པའི་ལྐོག་གྱུར་གྱི་མཇའ་མཚོན་དེ་རང་དབང་མེད་པ་བསྐྱར་དུ་ཤར། ད་ག་འདྲ་བྱེད་དེ་མོ་རང་ལ་མཐོང་དུ་བཅུག་དགོས་སམ་སྙམ་ནས་བསམ་བློ་བསྐྱར་དུ་འཁོར། དངོས་སུ་བཤད་པ་ལ་ནི་བདག་ལ་དཔའ་དང་བློ་ཁོག་མེད། གཞན་གྱི་བརྒྱུད་ནས་ངའི་སེམས་ཀྱི་བརྩེ་དུང་དེ་ཤེས་སུ་འཇུག་དགོས་ན། དེ་ཡང་བདེ་པོ་ཞིག་མེད་པ་མ་ཟད། སོ་སོའི་སེམས་ནང་གི་སྐད་ཆ་ཡོངས་རྫོགས་མཚོན་ཐུབ་པའང་དཀའ། ད་ག་འདྲ་བྱེད་ན་དགའ་བསམས་ནས་བསམ་བློ་དྲུག་གསུམ་བཅོ་བརྒྱད་བཏང༌། མཐའ་མ་དེ་ཡི་གེ་ཞིག་གཏང་ན་དངོས་སུ་དངངས་སྐྲག་གི་ཚོར་བ་དེ་མི་དགོས་བ་དང༌། གཞན་ལ་ཡང་རེ་བ་རྒྱག་མི་དགོས་པ་དེ་ལས་ཡག་བ་ཞིག་མི་འདུག་སྙམ་ནས་བདག་གིས་རེ་བའི་ཡི་གེ་དང་པོ་དེ་བྲི་འགོ་ཚུགས་པ་ཡིན། བྲིས་ཚར་བ་དང་ཡིག་ཁོག་ནང་དུ་བླུགས་ཏེ་ཡིག་ཟམ་བརྒྱུད་སྒྲོལ་མ་ལྷ་མོའི་ཕྱག་ཏུ་འབྱོར་རྒྱུ་བྱས་ཤིང༌། ཁོ་བོས་བྲིས་པའི་བརྩེ་བ་རེ་བའི་ཡི་གེ་དེའི་ཡིག་ཁོག་ལ་ལྟ་བཞིན། རང་དབང་མེད་པར་རེ་བ་ཐམས་ཅད་གྲུབ་པའི་སྟོང་བསམ་གྱིས་ཕྱུག་པའི་ཚོར་བ་ལས་དགོད་ཅིང་འཛུམ་པའི་རྣམ་འགྱུར་ཞིག་བཅོས་སུ་མེད་པར་སྟོན་བཞིན་གནས།