༄༅། །འཆར་ཡན་ཐེངས་གཅིག །

ཁ་དོན་འགལ་བའི་ལས་གཞིའི་ཁྲོད་ན་ཤེས་ཡོན་འཚོལ་བའི་སློང་མོ་ཚོས། །

འོ་དྲི་འཐུལ་བའི་ཡབ་མེས་རིག་གཞུང་སྣང་མེད་རྡོག་པས་འདམ་དུ་བརྫིས། །

ཕྲག་དོག་ཚིག་གི་འདེའུ་སྒྱོགས་རྣོ་ངར་བར་མེད་ཆར་གྱི་དོ་ཟླར་བསྐྲུན། །

ཐམས་ཅད་ཁེ་དང་དངུལ་གྱི་ཆེད་དུ་གཅིག་ལས་གཅིག་འཇོན་ཟློས་ཀྱིས་རྩེན། །


འ་ཅག་བོད་མིའི་ལ་རྒྱ་ཟེར་བཞིན་དོན་ལ་སོ་སོའི་ལས་དོན་གཉེར། །

རྒྱུ་དང་འཇིག་རྟེན་ངོ་སོའི་བར་ན་སྐྱོ་ངལ་སྟོང་གི་དོ་ར་བསྐྲུན། །

ཡོད་ཚད་རང་ལ་ཐོབ་པའི་ཆེད་དུ་བསླུ་གཏམ་སྟོང་གི་མགོ་བོ་བསྐོར། །

ཕ་སྐད་དག་མོའི་རྨང་གཞི་མེད་པར་དབྱིན་སྐད་སྦྱོང་བ་ཡིད་རེ་མུག །


ཁྱོད་དང་ང་ཡི་ཐོབ་ཤོར་བར་ནས་ལ་རྒྱའི་ཕ་མཁར་རྨིང་ནས་གཏོར། །

ལོ་ངོ་སྟོང་གི་ལོ་རྒྱུས་ལྡན་པའི་ཕ་རུས་དཀར་པོ་ནག་བསུབས་བཏང་། །

དུས་འགྱུར་ནག་པོའི་དཀྱོགས་མཚམས་ཞིག་ན་བོད་མིའི་ཚེ་སྲོག་ཆད་ལ་ཉེ། །

རེ་བའི་མིག་ཟུང་ཁད་ཀྱི་ཅེར་བའི་བོད་མིའི་རེ་བ་ཡོངས་སུ་ཟད། །


ཆོས་དང་ཆོལ་ཁའི་འཐེན་ཁྱེར་སྟོང་གིས་བོད་མིའི་གཅིག་སྒྲིལ་རྨིང་ནས་དཀྲུགས །

དགྲ་དགའ་གཉེན་སྡུག་སྣ་ཚོགས་བྱ་བའི་བོད་མིའི་རྩ་དོན་རྡོ་ལ་བརྡབས། །

དབྱེན་སྐྲོགས་སྐྱུར་མོའི་གང་སར་དཀྲུགས་ནས་ཐལ་ཆ་སྟོང་གིས་སྤྱི་ཚོགས་གཏོར། །

ཐོབ་དང་གོ་ས་གྲོགས་སུ་བསྐྲུན་ནས་ཉམས་ཆུང་ཚེ་སྲོག་རླུང་ལ་སྦུར། །


རང་ཚིགས་མ་ཤོར་བརྟན་པོར་བསྡད་དེ་རང་རིགས་སྤུན་ལ་ཞབས་འདེགས་སྒྲུབ། །

གཞན་སེམས་མ་དཀྲུགས་རང་མགོ་མ་སྐོར་བོད་མིའི་ཆག་འཇིག་སྙིང་ལ་ཉོར། །

ངེས་གཏན་མེད་པའི་ཁ་ཕྱོགས་བཟུང་ནས་རྒུབ་སྟེགས་ཐོབ་པའི་ཐབས་མ་བྱེེད། །

མ་འོངས་རྫོགས་ལྡན་གསར་བའི་དོན་ལ་འདེགས་འཇོག་གོམ་ཁ་དལ་གྱིས་རྒྱུ། །


2010/08/08/་ཉིན་བོད་དུང་བས།