ཁེར་རྐྱང་།

སྐྱོ་དུས་ཨ་མ་དྲན་པ་མིན་འགྲོ་བརྩེ་བའི་འཛུམས་ཞལ་གསལ་ལྷང་ལྟང་།།

སྡུག་དུས་ཕ་ཡུལ་དྲན་པ་མིན་འགྲོ་ནང་དུ་ཁ་པར་གཏོང་གྲངས་མང་།།

ཚ་བའི་ཁུར་གྱིས་དུབ་པའི་གང་དེར་ཨར་འདམ་ཁང་པ་མེ་ལས་ཚ།།

སེམས་པ་གཟེར་གྱིས་བཙེས་པའི་གང་དེར་དུག་སྦྲང་ལྕགས་ཀྱི་ཁབ་ལས་ཚ།།

རྒྱ་གར་སྐད་ཀྱིས་སུན་པའི་གང་དེར་བླ་མ་རྗེས་ཟེར་འཛེར་སྐད་གཅིག།

དབྱིན་ཇིའི་ཤེས་ཚད་ཞན་པའི་གང་དེར་གསལ་བརྡ་རྒྱུག་བྲིས་ཁྱར་ཁྱུར་ཞིག།

འབྲས་སྐྱ་སྲན་མར་ཉོབ་པའི་གང་དེར་རྡུ་ལུ་མ་ཡི་ཚོད་མ་ཞིག།

དྲི་ཤོག་བཟོ་རྒྱུའི་བྲེལ་ཟིང་གང་དེར་ལས་བསྐུལ་ཙག་ཙིག་མང་བ་ཞིག།

ཨ་ཧོ་བཤད་ན་བཤད་ཚོད་མི་འདུག་འདི་ནས་མཚམས་ཤིག་་མ་གཞག་ན།།

ལས་ཁུང་ནང་དུ་སྐད་ཅིག་བཏང་འདུག་མི་འགྲོ་ཟེར་ས་གང་ན་ཡོད།།