བོད་གཞུང་མང་རྒྱལ་ཡོངས་ཚོགས་ཆེན་དབུ་འབྱེད་ཀྱི་མཛད་སྒོ།

སྤྱི་ལྷན་ཚོགས་གཙོ་མཆོག་དང་། སྤྱི་ལྷན་ཚོགས་གཙོ་གཞོན་པ་མཆོག་བཅས་ཀྱིས་སྤོས་སྣེས་མདུན་བསུས་ཏེ་ཚོགས་ཁང་དུ་གདན་ཞུས་ཀྱིས་བཞུགས་ཁྲི་རིན་པོ་ཆེའི་སྟེང་བཞུགས་སུ་གསོལ། དེའི་རྗེས་བཀྲ་ཤིས་ལྷུན་པོའི་དགེ་འདུན་པ་རྣམས་ཀྱིས་ཤིས་བརྗོད་དང་། བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཆོག་དང་། བཀའ་བློན་ཁྲི་པ་མཆོག བོད་མི་མང་སྤྱི་འཐུས་ཚོགས་གཞོན་བཅས་ཀྱིས་སྐུ་པར་མཐོང་གྲོལ་རིན་པོ་ཆེར་མཇལ་དར་སྒྲོན་འབུལ་ཞུས། དེའི་རྗེས་སུ་ཚང་མ་སྐུ་བཞེངས་ཀྱིས་རྔ་རོལ་དང་བཅས་བོད་རྒྱལ་ཁབ་ཆེན་པོའི་རྒྱལ་གླུ་ཕུལ་བ་དང་། བོད་བསྟན་སྲིད་མི་རིགས་ཀྱི་ཆེད་དུ་ལུས་སྲོག་བློས་བཏང་ཟིན་པའི་རྒྱལ་གཅེས་དཔའ་བོ་དཔའ་མོ་རྣམས་དང་། འདི་ལོ་སྐྱེ་རྒུ་མདོ་ཁུལ་དུ་ས་འགུལ་གྱི་གནོད་སྐྱོན་དང་། མདོ་སྨད་འབྲུག་ཆུ་རྫོང་དུ་འདམ་རུད་ཀྱི་གནོད་སྐྱོན། གཞན་ཡང་འཛམ་གླིང་གང་སར་འབྱུང་བའི་འཇིག་པའི་འོག་མི་གྲངས་མང་པོ་འདས་གྲོངས་སུ་གྱུར་པ་རྣམས་ཀྱི་རྗེས་དྲན་ཆེད་མྱ་ངན་གུས་འདུད་ཀྱི་ངག་བཅད་སྐར་མ་གཅིག་རིང་གནང་བ་དང་། རྟེན་འབྱུང་གསོལ་ཇ་འབྲས་སིལ་འདེགས་འབུལ་ཞུས།

 

tsog_2དེའི་རྗེས་སུ་བོད་མི་མང་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་གིས་ཚོགས་ཆེན་དབུ་འཛུགས་ཀྱི་གསལ་བསྒྲགས་དང་འབྲེལ་ཚོགས་ཆེན་དབུ་འཛུགས་ཀྱི་གསུང་བཤད་གནང་བའི་སྐབས། ཕྱི་ལོ་༢༠༠༨ ཟླ་༡༡ ཚེས་༡༧ ནས་༢༢ བར་བཙན་བྱོལ་བོད་མིའི་བཅའ་ཁྲིམས་དོན་ཚན་༥༩ པའི་དགོངས་དོན་དམིགས་བསལ་ཚོགས་ཆེན་གྱི་ལས་རིམ་མཇུག་བསྒྲིལ་ཟིན་པའི་ཕྱི་ཉིན་ཚེས་༢༣ ཉིན། སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་ཚོགས་བཅར་བ་ཡོངས་ལ་བཀའ་སློབ་སྤྱི་ཕེབས་བྱུང་བའི་ནང་། “ད་རེས་ཀྱི་ཚོགས་ཆེན་འདི་དམིགས་ས་བོད་རྒྱ་འབྲེལ་ལམ་སྐོར་ཡིན་ཡང་། དངོས་གཞི་ཚོགས་འདུའི་ཐོག་རང་རང་གི་མཐོང་ཚུལ་དང་ཉམས་མྱོང་ནས་ཤེས་ཡོན་གྱི་སྐོར་དང་། འཕྲོད་བསྟེན་གྱི་སྐོར་སོགས་རིགས་ཚང་མའི་ནང་ཡར་རྒྱས་གཏོང་དགོས་པ་དང་། འདི་དང་འདི་འཐུས་ཤོར་འགྲོ་ཡི་འདུག་ཅེས་བསམ་འཆར་དང་རེ་འདུན་འདོན་པ་སོགས་གང་འཚམ་ཡོང་གི་འདུག་ཅེས་ངས་གོ་བྱུང་བ་དེ་སྔའི་ལོ་འཁོར་ལས་བསྡོམས་ཚོགས་ཆེན་ལྟ་བུ་བྱུང་འདུག དེས་ན་ཚོགས་འདུ་འདི་འདྲ་ལྷ་རབ་བྱུང་ན་ལོ་རེ་དང་དེ་མིན་གནངས་འཆར་ཚུགས་ཐུབ་ན་ཡག་པོ་མེད་དམ་བསམ་པ་དྲན་བྱུང་།” ཞེས་ཕེབས་པ་བཞིན། བོད་མི་མང་སྤྱི་འཐུས་ལྷན་ཚོགས་སྐབས་བཅུ་བཞི་པའི་གྲོས་ཚོགས་ཚོགས་དུས་བདུན་པར་དེ་ལྟ་བུའི་ཚོགས་ཆེན་འཚོག་རྒྱུའི་སྤྱི་མོས་གྲོས་ཆོད་བཞག་པ་དང་། ཚོགས་དུས་བརྒྱད་པ་དང་དགུ་པ་སོ་སོར་བགྲོ་གླེང་ཟབ་རྒྱས་གྲུབ་རྗེས་གྲོས་ཆོད་གཏན་འབེབས་དགོངས་དོན། ད་རེས་བོད་མིའི་འདུ་སྡོད་ས་གནས་མི་འབོར་ཆེ་ས་སྦེལ་ཀོབ་ཏུ་ཚུགས་ཐུབ་པ་བྱུང་བ་བཅས་ཀྱི་སྐོར་དང་།

 

དེ་བཞིན་ཉིན་དྲུག་རིང་གི་བོད་གཞུང་མང་རྒྱལ་ཡོངས་ཚོགས་ཆེན་ཐེངས་དང་པོ་འདི་བཞིན་བཅའ་ཁྲིམས་ཀྱི་དགོངས་དོན་གྱི་ལས་རིམ་ཞིག་མིན་ནའང་། ༧གོང་ས་མཆོག་གི་བཀའ་དགོངས་དང་དེའི་རྗེས་འབྲེལ་གྲོས་ཚོགས་ཀྱི་གྲོས་ཆོད་དགོངས་དོན་ཞིག་ཡིན། དེ་ལྟ་ནའང་ཚོགས་འདུ་འདིའི་ཕྱོགས་བསྡོམས་བསམ་ཚུལ་གང་བྱུང་བ་རྣམས་ལ་ཁྲིམས་ཀྱི་ནུས་པ་མེད། སྐབས་དང་དུས་མཚམས་སོ་སོར་ཚོགས་འདུ་འདི་ལྟ་བུ་ཚོགས་དགོས་དོན་གཙོ་བོ་ནི་མང་གཙོའི་ལམ་སྲོལ་དང་མཐུན་པའི་མི་མང་གི་འོས་འདེམས་བྱས་པའི་འཐུས་མི་ཆེ་འབྲིང་ཆུང་གསུམ་གྱི་བསམ་བློའི་ནུས་པ་རྩལ་དུ་བཏོན་ཏེ་ད་ལྟ་འགྲོ་བཞིན་པའི་སྲིད་བྱུས་དང་ལས་འཆར་ཁག་ལ་རྒྱབ་སྐྱོར་དང་ཡང་ན་ལེགས་བཅོས་ཀྱི་བསམ་ཚུལ་གང་ཡོད་སྡིངས་ཆ་གཅིག་ཐོག་སྤུངས་ཐུབ་པ་དང་། ནམ་རྒྱུན་ས་གནས་སོ་སོར་བོད་གཞུང་གི་མཛད་གཙོ་རྣམ་པའི་དགོངས་ཚུལ་ལ་ཉམས་མྱོང་བཅས་ཕན་ཚུན་བརྗེ་རེས་ཀྱི་སྡིངས་ཆ་རླབས་པོ་ཆེ་ཞིག་ཀྱང་ཆགས་ཀྱི་ཡོད། ཅེས་སོགས་དང་།

 

ཆབ་སྲིད་ཐོག་ཉེ་ཆར་ཕྱི་ལོ་༢༠༠༨ ལོར་དམིགས་བསལ་ཚོགས་ཆེན་འཚོགས་ཟིན་པ་དང་། འདི་ལོ་གྲོས་ཚོགས་ཚོགས་དུས་དགུ་པར་སྤྱི་མོས་གྲོས་ཆོད་བཞག་ཟིན་པས། དབུ་མའི་ལམ་དང་། རང་བཙན། རང་ཐག་རང་གཅོད་སོགས་ལ་བགྲོ་གླེང་གི་དུས་ཚོད་མང་པོ་གཏོང་མི་དགོས་པའི་ཐོག ད་ལྟའི་བཙན་བྱོལ་བོད་གཞུང་གི་སྲིད་བྱུས་ལངས་ཕྱོགས་ལྟར་ལས་དོན་བསྒྲུབ་ཕྱོགས་ཀྱི་ཐབས་ལམ་ཐོག་ལེགས་བཅོས་དང་བསམ་བློ་གསར་པ་ཇི་ཡོད་སྤུངས་ཐུབ་པ་ཡིན་ན་དགེ་མཚན་དུ་མངོན་ཡང་ཚོགས་ཆུང་སོ་སོས་བབས་གཟིགས་གནང་རྒྱུ། དེ་བཞིན་མང་གཙོ་འཕེལ་རྒྱས་སྐོར་དགོངས་ཚུལ་སྤྱི་སྤོམ་ཙམ་མ་ཡིན་པར་སྒྲུབ་ཐུབ་པའི་བསམ་འཆར་རིགས་བྱུང་ན་གང་ལེགས་ཡོང་རྒྱུ་ཞེས་སོགས་གསུང་བཤད་གནང་ཡོད་པ་རེད།

 

tsog_1དེའི་རྗེས་སུ་བཙན་བྱོལ་བོད་གཞུང་གི་བཀའ་བློན་ཁྲི་པ་མཁས་དབང་ཟམ་གདོང་རིན་པོ་ཆེ་མཆོག་གིས་ཐོག་མར་ཚོགས་ཞུགས་པ་ཡོངས་ལ་འཚམ་འདྲི་དང་། དེའི་རྗེས་སུ་བོད་རྒྱལ་ཡོངས་གཞུང་མང་ཚོགས་ཆེན་འདིར་གཞུང་ཞབས་པ་རྣམས་བཅར་མི་དགོས་པའི་རྒྱུ་མཚན་གསལ་བཤད་གནང་སོང་བ་དང་། ཕྱི་ལོ་༡༩༨༠ ཙམ་ནས་བཟུང་ལྷག་པར་འདས་མ་ཐག་པའི་ལོ་བཅོ་ལྔ་ཉི་ཤུའི་ནང་བཙན་བྱོལ་བོད་མིའི་མི་འབོར་དང་། བསམ་བློའི་འཁྱེར་ཕྱོགས། སྤྱོད་ལམ། ཕུགས་དམིགས་བཟུང་ཕྱོགས་སོགས་གང་ཅིའི་ཐོག་འགྱུར་བ་ཤུགས་ཆེ་ཞིག་བྱུང་དང་ཡོང་བཞིན་པ་དེ་དག་གི་ཐོག་ད་རེས་ཚོགས་ཆེན་འདིའི་ནང་དཔྱད་ཞིབ་དང་བཀའ་བསྡུར་གནང་རྒྱུ་གལ་ཆེ་མཐོང་གི་འདུག གང་ལགས་ཤེ་ན། འགྱུར་འགྲོས་དེ་དག་ད་ལྟ་ནས་བོད་མི་མི་རེ་ངོ་རེས་གོ་རྟོགས་དང་ངོས་འཛིན། གདོང་ལེན་ཚད་ལྡན་ཞིག་གནང་མ་ཐུབ་ན་འབྱུང་འགྱུར་བོད་རིགས་སྤྱི་དང་། ཁྱད་པར་བཙན་བྱོལ་བོད་མིའི་ལས་དབང་ལ་ཕན་གནོད་ཤུགས་ཆེ་ཡོང་རྒྱུར་ངེས་པས། ད་ལྟའི་གྲོས་གཞི་ཁག་གི་ཐོག་བཀའ་བསྡུར་དང་དགོངས་འཆར་ཇི་ཙམ་གནང་ཡང་ནམ་ཞིག་འབྲེལ་མེད་ཆགས་རྒྱུའི་ཉེན་ཁ་འདུག་ཅེས་དང་། དེའི་སྐོར་ལ་མི་འབོར་དང་། ཤེས་ཡོན། གཞན་བརྟེན་དང་སྒྱིད་ལུག་གི་བསམ་བློ། འདོད་རྔམས། བཟང་སྤྱོད་ཉམས་ཆག ཆབ་སྲིད་ཀྱི་གོ་རྟོགས་དང་འཆར་གཞི་ཞན་པ་བཅས་ཀྱི་སྐོར་ལ་འགྲེལ་བཤད་དང་། དེའི་རྗེས་སུ་བརྗོད་གཞི་ཁག་གི་ཐོག་ལ་གསུང་བཤད་གནང་ཡོད་པ་རེད།

 

མཛད་སྒོ་གྲུབ་པའི་རྗེས་སུ་ཚོགས་ཆུང་ཁག་བགོས་ཀྱིས་བགྲོ་གླེང་གནང་གི་ཡོད་པ་དང་། དེ་ཡང་ཀ༽ ཆོས་དང་རིག་གཞུང་གི་སྐོར། ཁ༽ གཞིས་ཆགས་སྲ་བརྟན་སྐོར་ལ་ནང་གསེས་ཚོགས་ཆུང་གཉིས། ག༽ དཔལ་འབྱོར་སྐོར་ལའང་ནང་གསེས་ཚོགས་ཆུང་གཉིས། ང༽ ཤེས་ཡོན་སྐོར། ཅ༽ བོད་དོན་དྲིལ་བསྒྲགས་དང་རྒྱ་བལ་འབྲུག་གསུམ་ཕུད་པའི་ཁ་འཐོར་བོད་མིའི་གནས་སྟངས་སྐོར། ཆ༽ འཕྲོད་བསྟེན་སྐོར་བཅས་བརྗོད་གཞི་མི་འདྲ་བ་དང་ཚོགས་ཆུང་ཁག་བརྒྱད་དུ་བགོས་ནས་བགྲོ་གླེང་གནང་གི་ཡོད་པ་རེད། གནས་ཚུལ་ཞིབ་ཕྲ་རྗེས་སུ་གཟིགས།

ས་གནས་གསར་འགོད་པ་བཀྲ་ཤིས་བདེ་ལེགས་ཀྱིས།།

{jcomments on}