བཀའ་བློན་ཁྲི་བ། དགའ་སྡུག་གཉིས་ཀྱི་ཁྲོད་དུ་ལུས་ཡོད།

འདི་ངའི་དམིགས་ཡུལ་ཡིན། འདི་ངའི་བྱེད་འདོད་ཀྱི་འཆར་གཞི་ཡིན། བོད་མི་དམངས་ཀྱིས་ང་རང་འདེམས་པ་ཡིན་ན། བོད་མི་མང་གིས་ང་རང་གར་སྟེགས་དེར་བསྐྱལ་སོང་བའི་ཉིན་མ་དེར་ཟེར་བའི་སྐད་ཆ་དེ་གོ་དུས་དངོས་ནས་དགའ་ནས་གཉིད་ཆོག་ཆོག་ལ་ཞིག་གི་དུས་ཚོད་ཅིག་ལ་བསྐྱལ་འདུག་སྙམ་པའི་ཚོར་སྣང་ཡང་སྟེར།

བསམ་བློ་ཞིབ་མོ་ཞིག་བཏང་དུས་སུ། མི་འདོད་ཀྱང་ཚོར་བ་སྐྱུར་མོ་ཞིག་དང་འགྲོག་ནས་འོང་བའི་སྡུག་བསྔལ་ཞིག་དང་སྐྱོ་སྣང་ཞིག་འདྲུད་དེ་འོང་། དེ་ནི་དངོས་ནས་བོད་མི་རིགས་ཀྱི་བདེ་དོན་ཆེད་དུ་རང་གི་ཚེ་སྲོག་གི་དམ་འབུལ་བྱེད་པའི་མི་བུ་ཤེས་འཇོན་ལྷག་བསམ་གྱི་ཕྱུགས་པའི་བཀའ་བློན་ཁྲི་བ་ཞིག  གངས་ཅན་བོད་མིའི་གཞིས་བྱེས་ཀྱི་སྐྱིད་སྡུག་ཆེད་དུ་ཡོང་གི་ཡོད་མེད་དེ་རེད་ལ། དེ་ནི་དངོས་ནས་བསམ་གཞིགས་མི་བྱེད་ཐབས་མེད་ཀྱི་གནས་ཤིག་ཀྱང་ཆགས་ཡོད། ངས་ཉིན་ལྟར་དྲ་ངོས་མི་ཉུང་བ་ཞིག་ནས་བཀའ་བློན་ཁྲི་བའི་རྐུབ་སྟེགས་དུ་ཡོང་འདོད་ཡོད་མཁན་གྱི་བོད་མི་ཤེས་ཡོན་ཅན་དུ་འབོད་པའི་གྲངས་དང་མཁས་དབང་དུ་བརྩི་བཞིན་པའི་བོད་མི་མི་ཉུང་བ་ཞིག་གི་ངོ་གདོང་དང་ལོ་རྒྱུས་དག་དང་། ལོ་རྒྱུས་དེ་དག་གི་རྒྱབ་ལྗོངས་ན་ཤ་གཟད་རུས་ཐུག་གི་མཆན་པུ་འདེབས་མཁན་གྱི་དྲ་ཐོག་གི་སྤུན་ཟླ་དང་། སྲང་བར་གྱི་ཅ་ཅོ་འདོན་མཁན་གྱི་མི་དམངས་དཀྱིས་མ་བཅས་ལ་རྣ་བ་ཞིབ་དུ་གཏད་དུས་སུ། ད་དུང་ཡང་། ང་རང་ལ་རང་བཞིན་གྱིས་སྐྱོ་སྣང་ཞིག་འོང་གི་འདུག

སྐྱོ་སྣང་དེ་ནི་གོང་གི་དགའ་སྣང་དེ་དང་བསྡུར་ནས་བཤད་དུས། དངོས་ནས་སྐྱོ་སྣང་དེ་ཤུགས་ཆེན་པོ་འདུག་ལ། སྐྱོ་སྣང་དེ་ཡོང་དོན་ཡང་གཏན་ནས་རྒྱུད་རིམ་མེད་པ་ཞིག་མ་རེད། དངོས་ནས་བོད་མི་མང་གི་ཆེད་དུ་ལས་དོན་ཞིག་བྱེད་དགོས་པ་ཡིན་ན། ཁོང་ཚོ་ལ་སྔ་ནས་ཐོབ་མྱོང་བའི་རྐུབ་སྟེགས་དེ་དག་ལས་ཁོང་ཚོས་བྱ་བ་དེ་དག་མགོ་ཞིག་བཙུགས་ན་ཅིས་མ་ཆོག་པ་རེད། ངས་འདི་ལྟར་བསམ་བློ་ཞིབ་དུ་བཏང་དུས་སུ། ངས་ད་དུང་སེམས་ལ་སྐྱོ་སྣང་འོང་གི་འདུག དངོས་ནས་ཁོང་ཚོ་མིང་དང་རྐུབ་སྟེགས་ལས་ཀྱང་རྩ་ཆེ་བའི་གངས་ཅན་གཞིས་ལུས་གཉིས་ཀྱི་སྐྱིད་སྡུག་བསམ་ཕོད་པ་ནས་བཤད་ཕོད་པ། བཤད་ཕོད་པ་ནས་སྒྲུབ་ཕོད་པ། སྒྲུབ་ཕོད་པ་ནས་རང་གི་ཚེ་སྲོག་ཚུན་ཆད་བདེན་དཔུང་དུ་བཞག་ནས་བོད་དོན་སྒྲུབ་མཁན་ཡིན་མིན་དེ་རེད།

སྤུན་ཟླ་ཚོ། འུ་ཅག་གི་རྒྱབ་རི་བརྟན་པོ་ཞིག་ཡོད་པ་སྲིད་ན་དཀོན་པའི་དེང་དུས་སུ། འཛམ་གླིང་གི་ས་གནས་ཁུགས་སོ་རེ་རེ་ན་མིང་དུ་གྲགས་པའི་རྒྱལ་བ་རིན་པོ་ཆེ་འདི་བ་ཚང་ཡིན། དེ་ཉིད་བཞུགས་པའི་དུས་དེ་རིང་ནི། ཁོང་ཚང་གི་དགུང་ལོ་ནི་དོན་ལྔ་བཞེས་ཡོད་ལ། ད་དུང་མི་ལོ་ག་ཚོད་ཅིག་ལ་འུ་ཅག་ལས་ངན་གངས་ཅན་གཞིས་བྱེས་གཉིས་ཀྱི་སྤྱི་མགོན་དུ་བཞུགས་ཐུབ་མིན་མི་ཤེས་ཀྱང་། སྐབས་འདིར་ངེད་ཅག་ལ་ཅིས་ཀྱང་མེད་དུ་མི་རུང་བ་ནི། བོད་མི་དམངས་གཞིས་བྱེས་གཉིས་ཀྱི་སྐྱིད་སྡུག་ལག་ལེན་དུ་འདེབས་མཁན་ཞིག་ཡོང་རྒྱུ་དེ་ཡིན། དེ་ལྟར་ཡོང་བ་ཡིན་ན། ཁོང་ཚང་གི་ཐུགས་བསམ་བདེ་ངེས་ཡིན་ལ། བོད་མི་དམངས་གཞིས་བྱེས་གཉིས་ཀྱི་འབྲེལ་ཐག་གི་གསེར་ཟམ་ལ་འོད་སྟོང་འཕྲོས་དེ། རྒྱ་ནག་པོའི་སྙིང་ལ་ལྕགས་འཛེར་ཞིག་བརྡབས་ཐུབ་པ་ཡིན། དེ་མིན་ན། བཀའ་བློན་ཁྲི་བ་ནི་མིང་དང་སྙན་གྲགས། རྐུབ་སྟེགས་ཤིག་གི་དུས་ཡུན་ཚང་བརྩིས་བྱེད་མཁན་དུ་གྱུར་ན། ང་ལྟ་བུའི་བོད་མི་དཀྱིས་མ་གྲངས་ལས་འདས་པ་ཞིག་གི་མིག་ཆུ་ཁྲག་དུ་གྱུར་ནས་ཤི་སྲིད་པ་རེད།