ཁྱོད་ལ་ཕུལ་བའི་སེམས་ཀྱི་ཁ་བཏགས།།

བྱེས་འབྱོར་གདན་ས་སྲིད་ན་གྲགས་པའི་ཐེག་མཆོག་འོག་མའི་གླིང་ཆེན་དུ།།

གྲུབ་པའི་དབང་ཕྱུག་སྲིད་གསུམ་དཔལ་འབར་པད་མའི་སྙིང་གི་ནོར་བུ་སོགས།།

ཞབས་རྡུལ་སྤྱི་བོས་རྒྱན་དུ་བཀོད་ཅིང་མདོ་སྔགས་ཟུང་གི་ས་ལམ་ཀུན།།

གུས་རྟག་བརྩོན་པའི་རྒྱུན་གྱིས་བསྲིངས་པས་ངོམས་པ་མེད་པར་ཧུབ་ཀྱིས་འཐུང་།།


རིག་པ་བརྡར་བའི་གཡུལ་སར་ཆས་དུས་ངེས་པར་དོན་གྱི་དཔའ་བོ་ཞིག།

རྣལ་མའི་ཆོས་ཀྱི་གནས་ལུགས་འཚོལ་དུས་ངེས་དོན་ཆོས་ཀྱི་སློང་མོ་བ།།

བླ་མ་དམ་པའི་བཀའ་དྲིན་བསམ་དུས་རྟག་ངུ་སླར་ཡང་བྱོན་པ་བཞིན།།

རིག་པའི་གྲོགས་ཀྱི་ཆེ་བ་འདི་ཀོ་སྨྲ་བའི་སྒོ་ལས་བརྗོད་པར་དཀའ།།


མདོ་སྔགས་རིག་པའི་གཞུང་ལུགས་ཀུན་འདུས་ཡངས་པའི་ཤེས་བྱའི་ཐང་ཆེན་དུ།།

ངལ་མེད་བང་རྩལ་འགྲན་ལ་མཁས་པའི་ངེས་དོན་བདག་གི་རིག་པའི་གྲོགས།།

གང་ཁྱོད་བླ་མའི་ཞབས་ཟུང་བཏུད་དེ་རང་འཁྲིའི་སློབ་མཐར་སོན་ཙ་ན།།

ཕ་མཆོག་བླ་མའི་དྲིན་ལན་ངོ་མ་ཁྱོད་ཀྱིས་བསྒྲུབས་ལ་མི་བརྩི་སུ།།


དུས་ཀྱི་གཉན་འཕྲང་ཕྲ་བའི་སྐབས་འདིར་འཇིག་རྟེན་དེད་དཔོན་བཀའ་ལུང་བཞིན།།

བྱང་གི་ཕྱོགས་སུ་བྱང་རླུང་སྡང་བའི་རྒྱལ་ས་གཉིས་པའི་གནས་མཆོག་ན།།

དུས་དང་མཐུན་པའི་དུས་རབས་གསར་པའི་མི་ལ་མཁོ་བའི་གལ་ཆེན་གྱི།།

སྤྱི་ཚོགས་འདི་ན་སྤྱི་སྐད་སྦྱོང་འདི་བླ་མ་དམ་པའི་དྲིན་ལན་ཡིན།།


སློབ་མཐར་སོན་པའི་སློབ་དཔོན་ལག་འཁྱེར་ལག་ཏུ་འཐོབ་པའི་མཛད་སྒོའི་ཉིན།།

ལྷོ་མཐའི་མཚམས་ནས་ལྷོ་རུ་གནས་པའི་དཔལ་ལྡན་མཁས་མང་གླིང་ཆེན་ནས།།

སློབ་སྦྱོང་མེད་ཀྱང་སློབ་དགེའི་ས་འཛིན་འཆི་མེད་མིང་གི་སྙད་པ་ཡིས།།

ཁྱོད་ལ་ཕུལ་བའི་ཤིས་ཚིག་འདི་ཉིད་ཁྱོད་ཀྱི་མཛད་སྒོའི་སྐྱེས་སུ་བཏེགས།།

༢༠༡༠ ༢ ཉིན་གྲོགས་འབའ་པ་འཆི་མེད་ཚེ་རིང་ནས་ཤར་མར་སྤེལ།།