མགོ་སྐོར་དང་བསླུ་བྲིད་ལ་ནམས་ཡང་ཡིད་མི་ཆེས།
གཞན་ཡང་ཕྱག་མཆོད་བསྙེན་བཀུར་འབའ་ཞིག་བྱེད་ཀྱི་ཡིན་སྐོར་བརྗོད་གསལ་ལྟར་ན་བཀའ་ཁྲིའི་རྐུབ་སྟེགས་རེག་ན་དེ་དང་མཉམ་དུ་༼ཆགས་མེད་བདེ་སྨོན་ལས། རྩོལ་སྒྲུབ་མི་དགོས་དགོས་འདོད་ལྷུན་གྱི་གྲུབ།། ང་ཁྱོད་མེད་ཅིང་བདག་ཏུ་འཛིན་པ་མེད།། གང་འདོད་མཆོད་སྤྲིན་ལག་པའི་མཐུར་ནས་འབྱུང་།།༽ ཞེས་གསུང་བ་ནང་བཞིན་གྱི་ས་ལམ་གྱི་ཡོན་ཏན་གང་རུང་ཞིག་ཐོབ་ཀྱི་ཡོད་པའི་ཟོ་འདྲ་བོ་ཞིག་མི་མང་ལ་ཤོད་ཀྱི་ཡོད་ཀྱང་།
དོན་ལ་སྐབས་འཚོལ་རིང་ལུགས་པ་འདི་ཚོའི་རང་དོན་ཁོ་ནའི་ཆེད་མི་མང་མགོ་སྐོར་དང་བསླུ་བྲིད་རྐྱང་རྐྱང་གཏོང་ཐབས་བྱེད་ཀྱི་ཡོད་པ་ལས་གཞུང་མང་གཉིས་ལ་ཕན་པའི་བསམ་བློ་ཁབ་རྩེ་ཙམ་ཡང་མེད་པ་ཤེས་དགོས་ངེས་ཞིག་ཡིན་པ་མ་ཟད་མང་ཚོགས་ཀྱི་ངོས་ནས་ཁོང་ཚོའིའདས་པའི་བྱུང་རབས་ནང་ལེགས་ཉེས་ཀྱི་བྱས་རྗེས་དང་བྱ་ངན་གང་སྤེལ་ལ་ཞིབ་ཏུ་བརྟག་དཔྱད་དང་ཞིབ་འཇུགས་ཡང་དག་བྱེད་རྒྱུ་ནི་མི་རེའི་ངོ་རེ་ནས་རང་འགན་རང་འཁུར་དགོས་ངེས་ཞིག་རེད།
ལྷག་པར་འགྲན་རྩོད་ཁྲོད་ཀྱི་དང་བླངས་བ་ཚོའི་སོ་སོར་འོས་ཤོག་ཐོབ་ཆེད་དམངས་སེམས་འགུག་ཐུབ་པའི་གཡོ་ཐབས་སྣ་ཚོགས་ཀྱི་སྒོ་ནས་མགོ་སྐོར་དང་བསླུ་བྲིད་ཀྱི་གཏམ་བརྗོད་སྣ་ཚོགས་ཤིག་སྤེལ་བཞིན་ཡོད་པ་དེ་ཚོའི་དོན་དངོས་ཐོག་དེ་འདྲེའི་ཕྱག་ལས་ཤིག་གནང་མྱོང་དང་མ་མྱོང་འབྱུང་འགྱུར་དེ་ལྟ་བུའི་ཕྱག་ལས་ཤིག་གནང་ཐུབ་དང་མི་ཐུབ། གལ་སྲིད་ཐུབ་པའི་དབང་དུ་བཏང་ཀྱང་ཕྱག་ལས་གནང་ཕྱོགས་དེ་ཚོའི་བོད་རྒྱལ་ཁབ་དང་མི་རིགས་ཀྱི་བསྟན་སྲིད་དང་རྩ་དོན་ཐོག་འཕྲལ་ཕུགས་རྒྱང་གསུམ་ལ་ཕན་གནོད་གང་ཆེ་དང་།ལྷག་པར་༧གོང་ས་མཆོག་གིས་དགོངས་གཞི་དང་བཙན་བྱོལ་བོད་གཞུང་གི་སྲིད་བྱུས་ཀྱི་རྒྱ་ལས་འགོང་ཡོད་དང་མེད་སོགས་ལ་བསམ་བློ་ངེས་པར་དུ་གཏོང་དགོས།
སྤྱིར་བཏང་སྤྱི་ཚོགས་ཡར་རྒྱས་གཏོང་མིན་དང་ལྷག་པར་བོད་དོན་བདེན་མཐའ་གསལ་ཐུབ་མིན་སོགས་ལ་བཀའ་ཁྲི་མི་སུ་འདྲ་ཞིག་སླེབ་རུང་དམིགས་བསལ་གྱི་ཕྱག་ལས་གང་ཡང་གནང་ཐུབ་ཐབས་མེད་པ་གསལ་བོ་རེད། འོན་ཀྱང་མི་སུ་འདྲ་ཞིག་བཀའ་ཁྲིའི་རྐུབ་སྟེགས་སྟེངས་སླེབ་དགོས་པ་རེད་ཟེར་ན། ཤེས་འཇོན་དང་ལྷག་བསམ་གྱི་ཤིན་ཏུ་ཕྱུག་པ་མ་ཟད། ལྟ་བ་ལངས་ཕྱོགས་མི་གཞི་གཅས་ཀྱི་ཆ་རྐྱེན་ཡོངས་སུ་ཚང་བའི་ཐོག་འདས་པའི་བྱུང་རབས་ནང་ཅིག་ཅིག་བྱས་སོང་ཉུག་ཉུག་བཟོས་སོང་མུག་མུག་ཟོས་སོང་རབས་ཀྱི་ལོ་རྒྱུས་ནང་ནག་ནོག་གི་དྲི་མའི་མ་གོས་པ་ཞིག་དང་། ལྷག་པར་དུ་ནང་ཁུར་རྩོད་རྙོག་གི་གཞི་རྩ་དང་ལྐོག་ཟ་རུལ་སུངས་ཀྱི་མིང་བཅས་སོགས་ཁྱོན་ཡོངས་ལ་གླེང་རྙོག་སྤུ་རྩེ་ཙམ་མེད་མཁན་ཞིག་ཆོལ་གསུམ་བོད་མི་ཡོངས་ཀྱི་བཀའ་ཁྲིར་འདེམས་ཐོན་ཡོང་བར་འབད་རྩོན་དགོས་ངེས་ཞིག་རེད།
དེ་ཡང་འདས་ཟིན་པའི་མི་ཚེའི་ནང་ལོགས་སུ་རྐུབ་སྟེགས་ལོ་མང་འཛིན་ཐབས་བྱས་དེ་ང་ཆེ་ང་བཙན་གྱི་ནང་ཁུར་ཐོབ་རྩོད་དང་རྙོག་གླེང་། དེ་བཞིན་རང་རྒྱལ་དང་གཞན་ཕམ་གྱི་བསམ་བློ་གཏོང་ཕྱོགས་སོགས་ཀྱི་ཉམས་མྱོང་ཡོད་ན་ཡང་མ་ལེགས་མ་འགྲིག་པའི་ཕྱག་ལས་རྐྱང་རྐྱང་མ་གཏོགས་གཞུང་མང་གཉིས་ལ་ཕན་པའི་བྱ་བཞག་ཏིལ་འབྲུ་ཙམ་ཡང་ལྟོན་གྱི་མེད་པ་མ་ཟད་བཙན་བྱོལ་བོད་པའི་སྤྱི་ཚོགས་ནང་ཁུལ་གྱི་ཆིག་སྒྲིལ་དང་འཆམས་མཐུན་ལ་འདས་མ་ད་གསུམ་ལ་གཏོར་བཤིག་གཏོང་མཁན་གྱི་གཏེ་བོ་ལྟ་བུ་ཆགས་བསྡད་ཡོད་མཁན་ཚོར་བཀའ་ཁྲིའི་རྐུབ་སྟེགས་ཀྱི་ཐོབ་ཐང་ནམ་ཡང་སྤྲོད་མི་རུང་བ་ཤེས་དགོས་སོ།
བོད་དུང་བས།